The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

The Essence of Wish-Fulfilling Jewels—Tibetan

English | Deutsch | Français | བོད་ཡིག

༄༅།  །ཐུབ་དབང་གནས་བརྟན་འཁོར་བཅས་ལ་ཕྱག་མཆོད་བྱ་ཚུལ་མདོར་བསྡུས་པ་ཡིད་བཞིན་ནོར་བུའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །

 

ཨོཾ་སྭ་སྟི།

ཐུབ་དབང་གནས་བརྟན་བཅུ་དྲུག་ལ་ཕྱག་མཆོད་གསོལ་བ་གདབ་པར་འདོད་པས། འབྱོར་ན་ཐུབ་པའི་དབང་པོ་གཙོ་འཁོར་གྱི་སྣང་བརྙན་མདུན་མཆོད་པ་ཇི་ལྟར་རིགས་པ་གཙང་ཞིང་བཀོད་པས་མཛེས་པར་བཤམས། མ་གྲུབ་ན་ཡིད་ཀྱི་ཆོ་ག་བྱ། གང་ལྟར་ཡང༌།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

ལན་གསུམ་གྱིས་སྐྱབས་སེམས་བྱ།

སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་དང༌། །

རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང༌། །

ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་སྟོབས་ཀྱིས། །

སྣོད་བཅུད་བདེ་ཅན་ཞིང་གི་བཀོད་པའི་དབུས། །

ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ཆེན་པོར། །

རིན་ཆེན་སེང་ཁྲི་པད་ཟླའི་གདན་མཆོག་དང༌། །

དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །

མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །

ཅེས་ས་གཞི་དང་གནས་ཡོ་བྱིན་གྱིས་བརླབ། །

དེ་ནས་འདུན་པ་རྩེ་གཅིག་པས།

ལག་མཐིལ་ལྟར་མཉམ་རིན་ཆེན་གྱིས་སྤྲས་པ། །

ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས། །

རིན་ཆེན་ལས་གྲུབ་གྲུ་བཞི་སྒོ་བཞི་པ། །

པདྨ་ཉི་ཟླས་བརྒྱན་པའི་གདན་སྟེང་དུ། །

ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས། །

རྣམ་གྲོལ་ལམ་ལ་འགོད་མཛད་འགྲོ་བའི་མགོན། །

ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས། །

འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །

ཅེས་སྤྱན་དྲངས། །སྤྲོ་ན་གནས་བརྟན་ཕྱག་མཆོད་ཚིགས་བཅད་ལྷུག་གང་རིགས་བྱ། བསྡུ་ན། །

ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །

གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །

གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །

ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །

 

ཐུབ་པའི་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །

ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །

དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང༌། །

གསེར་བེའུ་བྷ་ར་དྷྭ་ཛ་གསེར་ཅན་མཆོག །

འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །

ལམ་ཕྲན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །

ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །

དགེ་བསྙེན་དྷརྨ་ཏཱ་དང་རྒྱལ་ཆེན་བཞི། །

འཁོར་དང་བཅས་པ་ཞབས་ཀྱི་པདྨོ་ལ། །

ཕྱག་འཚལ་སྐྱབས་མཆི་སྙིང་ནས་གསོལ་བ་འདེབས། །

 

ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །

རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །

སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །

འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །

 

དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །

མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །

དགེ་ལ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས། །

འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །

ཞེས་ཡན་ལག་བདུན་པ་འབུལ། དགེ་སློང་ཡིན་ན་སྐབས་འདིར་གསོ་སྦྱོང་བྱིན་རླབས་དང༌། དུས་དྲན་བསྟེན་པ་སོགས་དགོས་པ་ཡོད་ན་བྱས་ཀྱང་ལེགས།

བཅོམ་ལྡན་གདན་འཛོམས་ཆེན་པོ་དགོངས་སུ་གསོལ། །

ཐུབ་དབང་གནས་བརྟན་འཕགས་པའི་ཚོགས་རྣམས་ཀྱི། །

མཚན་མཆོག་ཐོས་དང་དྲན་བརྗོད་ཕྱག་མཆོད་མཐུས། །

བདག་ཅག་ལ་སོགས་སེམས་ཅན་གང་དང་གང༌། །

གནས་སྐབས་མཐར་ཐུག་མི་མཐུན་ཕྱོགས་ཀུན་ཞི། །

བདེ་སྐྱིད་ཆོས་ལྡན་དཔལ་འབྱོར་རབ་ཏུ་འཕེལ། །

 

ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །

གསུང་གི་བདུད་རྩིས་འཚོ་བར་བྱིན་གྱིས་རློབས། །

ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྒོམ་པར་ལྡན། །

ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་འབྱོངས། །

རྟག་ཏུ་གཞན་ཕན་སྤྱོད་ལས་མི་གཡེལ་བས། །

རྣམ་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །

 

རྒྱལ་བསྟན་དྲི་མེད་ཕྱོགས་བཅུར་དར་ཞིང་རྒྱས། །

བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །

འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་པ་དང༌། །

དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །

ཅེས་གསོལ་བ་གདབ་ཅིང་བཀྲ་ཤིས་པའི་ཚིག་གིས་མཐའ་བརྒྱན་པར་བྱའོ། །

 

ཞེས་པའང་དད་པ་དང་ལྡན་པ་རྣམས་ཀྱི་ཆེད་དུ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Buddha and the 16 Arhats

This website uses cookies to collect anonymous usage statistics and enhance the user experience.
Decline
Accept