Extracts from Pakmé Nyurlam Long-Life Empowerment—Tibetan
༄༅། །བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་དང་བྲེལ་བའི་ཚེ་སྒྲུབ་ཀྱི་གདམས་པ་སྙིང་པོར་དྲིལ་བ། །
ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །
སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །
དེ་རིང་བཤད་པའི་རིན་ཆེན་གཏེར། །
གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །
དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །
སྡིག་པ་ཐམས་ཅད་སོ་སོར་བཤགས། །
འགྲོ་བའི་དགེ་ལ་རྗེས་ཡི་རངས། །
སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །
སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །
བྱང་ཆུབ་བར་དུ་སྐྱབས་སུ་མཆི། །
རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །
བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །
བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །
སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །
བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །
དེ་དག་ཐམས་ཅད་བདག་གིས་བགྱི། །