The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Jé Tsongkhapa—Tibetan

English | བོད་ཡིག

༄༅། །རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོར་གསོལ་བ་འདེབས་པ་མོས་གུས་ཀྱི་དབྱངས་སྙན་བཞུགས་སོ།    །

 

ན་མོ་གུ་རུ་བྷཊྚ་རཱ་ཀཱ་ཡ།

 

སྲས་བཅས་རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱི།    །

མཁྱེན་བརྩེ་ནུས་པ་གཅིག་ཏུ་བསྡུས་པའི་སྐུ།    །

རྗེ་བཙུན་བླ་མ་བློ་བཟང་གྲགས་པ་ཡི།    །

གསང་གསུམ་རྣམ་ཐར་དྲན་བཞིན་གསོལ་བ་འདེབས།    །

 

འཇམ་དཔལ་དཔའ་བོ་མི་ཡི་གཟུགས་འཛིན་པ།    །

ཐ་མལ་སྣང་ངོར་དགེ་བའི་བཤེས་སུ་སྟོན།    །

ཁྲིམས་ལྡན་ངུར་སྨྲིག་འཛིན་པ་ཀུན་གྱི་རྒྱན།    །

བློ་བཟང་རྒྱལ་བ་གཉིས་པར་གསོལ་བ་འདེབས།    །

 

ཉེས་པའི་དྲི་མ་དག་ཅིང་གཙང་བའི་སྐུ།    །

ཚུལ་ཁྲིམས་ཕུང་པོ་ཡོངས་སུ་རྫོགས་པ་ལས།    །

རྨད་བྱུང་རྒྱལ་བ་དགྱེས་བའི་དྲི་བསུང་འཐུལ།    །

དགྲ་བཅོམ་ཆེན་པོའི་ཞབས་ལ་གསོལ་བ་འདེབས།    །

 

ཐོག་མེད་དུས་ནས་བརྩེ་བའི་ཤུགས་ཀྱིས་དྲངས།    །

གཞན་ལ་ཕན་པ་ཁོ་ནའི་ཐུགས་མངའ་བ།    །

བྱམས་དང་སྙིང་རྗེ་དྲི་མེད་ཟླ་འདྲས་བརྒྱན།    །

བློ་ལྡན་ཐུགས་རྗེའི་བདག་པོར་གསོལ་བ་འདེབས།    །

 

ཁྲོ་བའི་ཀུན་རྟོག་བག་ཆགས་དང་བཅས་འབྱིན།    །

འགྲོ་མང་ནམ་མཁའི་མཐའ་དང་མཉམ་པ་ཀུན།    །

བྱང་ཆུབ་ཁང་བཟང་དམ་པར་བཀྲི་བ་ལ།    །

ཞུམ་མེད་སྙིང་སྟོབས་ཆེན་པོར་གསོལ་བ་འདེབས།    །

 

བདག་བས་གཞན་གཅེས་བྱང་ཆུབ་ཐུགས་འབྱོངས་ཤིང་།    །

སྙིགས་དུས་སྐྱེ་བོའི་ལོག་སྒྲུབ་ཐམས་ཅད་བཟོད།    །

ཕ་རོལ་ཕྱིན་དྲུག་གོ་ཆ་བཙན་པོ་བགོས།    །

རྒྱལ་སྲས་སེམས་དཔའ་ཆེན་པོར་གསོལ་བ་འདེབས།    །

 

མདོ་སྔགས་གཞུང་ལུགས་ཀུན་གྱི་དེ་ཉིད་རིག  །

འཆད་རྩོད་རྩོམ་ལ་ཆགས་ཐོགས་དྲི་མ་བྲལ།    །

ཕྲིན་ལས་བཟང་པོས་སྲིད་ཞིའི་ཁྱོན་ཀུན་ཁྱབ།    །

གངས་ཅན་བསྟན་འཛིན་མཚུངས་མེད་གསོལ་བ་འདེབས།    །

 

ཕྱི་རུ་སོ་སོར་ཐར་པས་རྒྱུད་བསྡམས་ཤིང་།    །

ནང་དུ་བྱང་ཆུབ་སེམས་ཀྱི་གཏེར་ལ་དབང་།    །

གསང་བ་ཟུང་འཇུག་ཡེ་ཤེས་གྲུབ་པའི་གཙོ།    །

སུམ་ལྡན་རྡོ་རྗེ་འཛིན་པར་གསོལ་བ་འདེབས།    །

 

མཐའ་བྲལ་དབུ་མའི་ལམ་སྲོལ་རིག་པས་ཕྱེས།    །

འཇམ་པའི་དབྱངས་ལས་ཟབ་དོན་བདུད་རྩི་བརྙེས།    །

དབྱངས་ཅན་མགྲིན་པར་རོལ་པའི་སྤོབས་པ་ལྡན།    །

ཀླུ་སྒྲུབ་གཉིས་པར་སྣང་དེར་གསོལ་བ་འདེབས།    །

 

ཁྱད་པར་རྡོ་རྗེ་འཆང་གི་གསང་བའི་མཛོད།    །

དཔལ་ལྡན་འདུས་པ་སྒྱུ་མ་བདེ་མཆོག་དང་།    །

དུས་ཀྱི་འཁོར་ལོ་ལ་སོགས་སྔགས་རྒྱུད་ཀྱི།    །

བདག་པོ་གསང་འཛིན་དབང་པོར་གསོལ་བ་འདེབས།    །

 

རིམ་གཉིས་ལམ་གྱི་ཤིང་རྟའི་བགྲོད་པ་ཡི།    །

ལམ་བཟང་འཁྲུལ་མེད་ལེགས་པར་བསྙེན་པ་ལས།    །

སྐུ་བཞིའི་གོ་འཕང་དཀའ་བ་མེད་པར་རྙེད།    །

ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས།    །

 

མདོར་ན་ཐུབ་པའི་བསྟན་པ་མ་ལུས་ཀུན།    །

འགལ་མེད་གདམས་པ་ཐུགས་སུ་ཆུད་པ་ལས།    །

བསྟན་པའི་བདག་པོ་འགྲན་ཟླ་ཀུན་སྤངས་པ།    །

རྗེ་བཙུན་ཐམས་ཅད་མཁྱེན་པར་གསོལ་བ་འདེབས།    །

 

ཤཱཀྱ་སེང་གེའི་བསྟན་པའི་སྲོག་ཤིང་ནི།    །

ཁྱོད་ལས་གཞན་དུ་ནམ་ཡང་མ་དམིགས་པས།    །

ཁྱོད་འདྲ་འཇིག་རྟེན་གསུམ་ན་དཀོན་པའི་མཆོག  །

ཐུབ་དབང་གཉིས་པའི་ཞབས་ལ་གསོལ་བ་འདེབས།    །

 

མཛད་པའི་རྣམ་ཐར་ཆ་ཤས་ཙམ་རེ་ཡང་།    །

ལྷ་དང་བཅས་པས་ཉིན་བཞིན་སྒྲོགས་ལ་བྲེལ།    །

བསྔགས་འོས་བསྔགས་པ་ཀུན་གྱི་གཞིར་གྱུར་པ།    །

རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།    །

 

ད་ལྟ་བྱམས་ཆེན་རྒྱལ་ཚབ་ཆེན་པོའི་དྲུང་།    །

འཇམ་དཔལ་སྙིང་པོའི་མཚན་གྱི་མེ་ཏོག་བརྗིད།    །

ཐེག་ཆེན་ཆོས་ལ་རྟག་ཏུ་ལོངས་སྤྱོད་པ།    །

རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།    །

 

བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ།    །

འཇམ་དབྱངས་བླ་མའི་ཞབས་པད་གཙུག་ཏུ་བཀུར།    །

ལེགས་གསུང་གདམས་པའི་བདུད་རྩིས་བདག་རྒྱུད་གྲོལ།    །

བཀའ་གདམས་རྣམ་ཐར་གཙང་མ་འཛིན་པར་ཤོག  །

 

རྗེ་བཙུན་བླ་མའི་ཐུགས་བསྐྱེད་སྨོན་ལམ་དང་།    །

མཛད་པ་ཕྲིན་ལས་མཁྱེན་བརྩེ་ནུས་མཐུ་རྣམས།    །

མ་ལུས་འགྲོ་བའི་རྒྱུད་ལ་ཡོངས་སུ་རྫོགས།    །

བསྟན་འགྲོའི་དོན་རྣམས་སྒྲུབ་ལ་མཐུ་ལྡན་ཤོག  །

 

ཅེས་པའང་ལྕགས་ལུག་སྨིན་དྲུག་ཟླ་བའི་དུས་ཀྱི་མཆོད་པ་ལ་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག  །  །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Je Tsongkhapa Lobzang Drakpa

This website uses cookies to collect anonymous usage statistics and enhance the user experience.
Decline
Accept