The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

The Sweet Song of Virtue and Auspiciousness—Tibetan

English | བོད་ཡིག

༄༅། །རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་ཞབས་བརྟན་དུ་གསོལ་བ་དགེ་ལེགས་ཤིས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།    །

 

ཨོཾ་སྭསྟི།

གསེར་གྱི་ལྷུན་པོ་གུ་རྒུམ་ཆབ་ཀྱིས་བཀྲུས།    །

འཆར་ཁའི་ཉི་གཞོན་འོད་ཟེར་བྱེ་བས་འཁྱུད།    །

ཡེ་ཤེས་རལ་གྲིས་ཕྱག་སོར་རྩེར་བརྒྱན་པ།    །

བླ་མ་འཇམ་པའི་དབྱངས་ཀྱིས་དགེ་ལེགས་སྩོལ།    །

 

མཁྱེན་རབ་ཀུན་གསལ་སྒེག་མོའི་ངོས་ཡངས་པར།    །

བརྩེ་ཆེན་ཐུགས་རྗེའི་འོད་དཀར་འཛུམ་པ་ལས།    །

བཟང་པོའི་ཕྲིན་ལས་བདུད་རྩིས་ས་གསུམ་ཁྱབ།    །

འཇམ་མགོན་རྒྱལ་བ་གཉིས་པས་ཤིས་པ་སྩོལ།    །

 

རྗེ༵་བཙུན༵་ངག༵་གི་དབ༵ང་ཕྱུག་ཐུགས་རྗེའི་གཏེར།    །

ཁ་བ་རི་པའི་ལྷ་གཅིག་པད་དཀར་འཆང་།    །

སུམ་ལྡན་དགེ་བའི་བཤེས་ཀྱི་རྣམ་པར་སྟོན།    །

རྒྱལ་དབང་ཐམས་ཅད་མཁྱེན་པར་ཞབས་བརྟན་གསོལ།    །

 

ཀུན་མཁྱེན་ཉི་མའི་གཉེན་གྱི་ལུང་གིས་བསྔགས།    །

སྡོམ་བརྩོན་བློ༵་བཟ༵ང་རྒྱལ་པོའི་ཚུལ་འཆང་ཉིད།    །

སླར་ཡང་བ༵སྟན་པ་འཛི༵ན་པའི་ཁྱུ་མཆོག་ཆེ།    །

འཇིགས་མེད་ཆོས་ཀྱི་ཁྲི་ལ་རྟག་བཞུགས་གསོལ།    །

 

རྒྱ༵་མཚོའི༵་གོས་ཅན་སྲིད་ཞིའི་རྒྱན་གཅིག་པུ།    །

ལྷར་བཅས་འགྲོ་བའི་བླ་མ་སྤྱན་རས་གཟིགས།    །

གསང་གསུམ་མི་གཡོ་འཕོ་འགྱུར་དང་བྲལ་བ།    །

ཞབས་པད་རྡོ་རྗེའི་ཁྲི་ལ་རྟག་བཞུགས་གསོལ།    །

 

སྲིད༵་གསུམ༵་དྲེགས་ལྡན་སྤྱི་བོའི་ཐོར་ཅོག་རྩེར།    །

ཞབས་རྟེན་པདྨོ་བཀོད་དེ་རང་དབ༵ང་བ༵སྒྱུར།    །

མ༵ཚུངས་མེད༵་དབང་དང་སྟོབས་བཅུའི་དཔལ་གྱིས་ཕྱུག  །

ཕུན་ཚོགས་སྡེ་བཞིའི་མགོན་པོ་ཞབས་བརྟན་གསོལ།    །

 

དོན་གཉིས་ལྷུན་གྲུབ་དཔ༵ལ་ཡོན་བཟ༵ང་པོ༵་ཡི།    །

རྣམ་བཞིའི་ཕྲིན་ལས་ཟླ་ཉི་ནོར་བུ་དང་།    །

བུམ་བཟང་དཔག་བསམ་ཤིང་ལྟར་བསྟན་དང་འགྲོའི།    །

ཉེར་འཚོའི་གཞིར་གྱུར་བསྐལ་བརྒྱར་བཞུགས་གསོལ་འདེབས།    །

 

དེ་ལྟར་གསོལ་བ་བཏབ་བཞིན་འགྲུབ་པ་ཡི།    །

བདེན་པའི་བྱིན་མཐུ་མཆོག་གསུམ་རིན་ཆེན་དང་།    །

བླ་མ་ཡི་དམ་མཁའ་འགྲོའི་ནུས་མཐུ་ཡིས།    །

གངས་ཅན་བསྟན་འགྲོའི་གཙུག་ནོར་ཞབས་བརྟན་གསོལ།    །

 

ཡུལ་རིས་རྒྱལ་ཁམས་དུས་ཀྱི་རྒུད་པ་ཞི།    །

ལོ་ལེགས་འབྲུ་འཕེལ་དགེ་བ་བཅུ་ལ་སྤྱོད།    །

བསྟན་དང་བསྟན་འཛིན་སྡེ་ཚོགས་དར་ཞིང་རྒྱས།    །

ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་དབང་འབྱོར་ཤོག  །

 

བསྟན་པའི་རྩ་ལག་བོད་ལྗོངས་སའི་ཐིག་ལེ།    །

ཆོས་འཁོར་རྣམ་གསུམ་ཡུན་དུ་བརྟན་ཅིང་མཆོད།    །

དགའ་བ་བརྒྱ་ལྡན་འཆི་མེད་ཕོ་བྲང་གི  །

ཆབ་སྲིད་མི་ནུབ་འཛམ་གླིང་ཀུན་ཁྱབ་ཤོག  །

 

ཅེས་པའང་འཇམ་དབྱངས་འཁོན་གྱི་གདུང་རིགས་དྲི་མ་མེད་པ་ཤྲཱི་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་རིན་པོ་ཆེ་ངག་དབང་ཀུན་དགའ་བསོད་ནམས་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའི་བཀའ་ལུང་གསེར་གྱི་ཅོད་པཎ་སྤྱི་བོའི་གཙུག་ཏུ་བཀོད་དེ།  དུས་མཐའི་ཆོས་སྨྲ་བའི་གཟུགས་བརྙན་མཁྱེན་བརྩེའི་དབང་པོའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭའི་གཟིམ་བསྐྱིལ་དུ་གུས་ཤིང་དང་བའི་ཡིད་ཀྱིས་གསོལ་བ་བཏབ་བཞིན་བྲིས་པ་མཆོག་ཏུ་དགེ་ཞིང་བཀྲ་ཤིས་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།    །སརྦ་དཱ་མངྒ་ལཾ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

His Holiness the 14th Dalai Lama

Further information:

BDRC Author Profiles: P733 P1649

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept