The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Samten Lodrö Guru Yoga—Tibetan

English | བོད་ཡིག

༄༅། །རྡོ་རྗེ་འཛིན་པ་ཆེན་པོ་ངག་དབང་བསམ་གཏན་བློ་གྲོས་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་སྣང་གཏེར་ཞེས་བྱ་བ་བཞུགས་སོ།  །

 

བླ་མའི་ཞབས་ལ་ཕྱག་འཚལ་ལོ།  །

 

དེ་ལ་དབང་གིས་སྨིན་ཅིང་དད་པ་དང་དམ་ཚིག་རྣམ་པར་དག་པས་འདི་ལ་བརྩོན་པར་བྱ་སྟེ།  དེ་ལ་གསུམ།

དང་པོ་ནི།

བདག་དང་འགྲོ་བ་མཁའ་མཉམ་སེམས་ཅན་རྣམས།  །

བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི།  །

ངན་འགྲོ་སྲིད་པའི་མཚོ་ལས་སྒྲོལ་བའི་ཕྱིར།  །

ཟབ་མོ་བླ་མ་བསྒྲུབ་པར་སེམས་བསྐྱེད་དོ།  །

ལན་ཅི་ནུས།

དངོས་གཞི་ནི།

ཆོས་ཀུན་འོད་གསལ་སྟོང་པའི་ངང་ཉིད་ལས།  །

ཤིན་ཏུ་རྒྱས་པའི་ནོར་བུའི་གཞལ་མེད་ཁང་།  །

རབ་འབྱམས་མཆོད་སྤྲིན་རྒྱ་མཚོ་མཐའ་ཀླས་པའི།  །

རང་མདུན་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་།  །

རྩ་བའི་བླ་མ་ང༵ག་དབ༵ང་བས༵མ་གཏ༵ན་ནི།  །

བློ༵་གྲོས༵་ཡེ་ཤེས་སྐུ་ཅན་ཉིན་མོར་བྱེད།  །

ཞལ་རས་རྒྱས་ཤིང་སྤྱན་གཉིས་ཟིམ་བུའི་ཚུལ།  །

རབ་བྱུང་ཆས་ལྡན་ཕྱག་གཡས་མཆོག་སྦྱིན་དང་།  །

གཡོན་པས་མཉམ་བཞག་དགོས་འབྱུང་ནོར་བུ་བསྣམས།  །

གཟི་བརྗིད་མཚུངས་མེད་སྐྱབས་ཀུན་འདུས་པར་གསལ།  །

གང་དྲིན་མ་རྒྱས་བསྡུས་ཀྱི་གསོལ་འདེབས་དང་།  །

མང་ཐོས་མཁས་གྲུབ་རྒྱ་མཚོས་རྗེས་སུ་བཟུང་།  །

བསམ་གཏན་ཏིང་འཛིན་དམ་པའི་བློ་གྲོས་ཅན།  །

མཁས་ཚུལ་གསུམ་གྱིས་རྒྱལ་བསྟན་གསལ་མཛད་གང་།  །

འཚོ་བཞེས་དགེ་མཚན་རྟག་ཏུ་འབར་གྱུར་ཅིག  །

བློ་གཏེར་དབང་པོའི་གསུངས་བྱིན་རླབས་ཅན་དང་།

གསང་བདག་རྡོ་རྗེ་འཇིགས་མཛད་ལ་སོགས་པའི།  །

མཐུ་སྟོབས་གཅིག་བསྡུས་ཁྱབ་བདག་རྡོ་རྗེ་འཛིན།  །

མཁས་དང་གྲུབ་པའི་དབང་ཕྱུག་ཆོས་ཀྱི་རྗེར།  །

སྙིང་ནས་གསོལ་འདེབས་མཆོག་ཐུན་དངོས་གྲུབ་སྩོལ།  །

ཞེས་པ་གྲངས་ཅི་མང་དང་།  སྤྲོ་ན་གསོལ་འདེབས་ལེ་ཚན་གཉིས་འོག་ཏུ་ཡོད་པའང་བཏོན་ཅིང་།

ཨོཾ་ཨཱཿགུ་རུ་བཛྲ་དྷཱ་ར་སརྦ་སིདྡྷི་ཧཱུྃ།

ཞེས་ཅི་ནུས་བཟླ།

དབང་བླང་བ་ནི།

སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ཡིས།  །

བདག་སོགས་འགྲོ་ལ་བརྩེ་བས་རབ་དགོངས་ནས།  །

བྱིན་རླབས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ།  །

ལྷན་སྐྱེས་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས།  །

བླ་མའི་སྐུ་ཡི་གནས་གསུམ་ནས།  །

འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས།  །

གནས་གསུམ་རིམ་དང་ཅིག་ཆར་ཐིམ།  །

དབང་བཞིའི་རྟོགས་པ་རྒྱུད་ལ་སྐྱེས།  །

བླ་མ་འོད་ཞུ་རང་ལ་ཐིམ།  །

སེམས་ཀྱི་ཆོས་ཉིད་གཉུག་མའི་གཤིས།  །

སྟོང་དང་བདེ་ཆེན་མི་ཕྱེད་ཅིང་།  །

སྣ་ཚོགས་རྩལ་སྣང་ཐམས་ཅད་ཀུན།  །

བླ་མའི་གསང་གསུམ་རོལ་པར་བལྟ།  །

ཐུན་ལས་ལྡང་བ་ན།  སྐྱེ་བ་ཀུན་ཏུ་སོགས་བསྔོ་སྨོན་གྱིས་རྒྱས་འདེབས་པར་བྱའོ།  །

 

རྗེ་རྡོ་རྗེ་འཛིན་པའི་དབང་པོ་འདི་ཉིད་ཀྱི་གསུང་གི་བདུད་རྩི་བཏུང་བ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དོན་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ངག་དབང་བསམ་གཏན་བློ་གྲོས།

Further information:

BDRC Author Profiles: P733 P971

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept