Prayer for the Long Life of Kyabgön Sakya Trichen—Tibetan
༄༅། །དཔལ་ས་སྐྱ་པ་སྒྲོལ་མ་ཕོ་བྲང་གི་༧སྐྱབས་མགོན་བདག་ཁྲི་རིན་པོ་ཆེ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་དབང་གི་རྒྱལ་པོར་བརྟན་བཞུགས་འགྱུར་མེད་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི།
བཀྲ་ཤིས་མཚན་བཟང་པདྨ་དཀར་པོ་ནི། །
འཇམ་དཔལ་གཞོན་ནུའི་ཕྱག་གིས་འཐོར་བ་ལས། །
མཚན་མཆོག་གསུམ་ལྡན་དཔལ་ལྡན་ས་སྐྱ་པའི། །
བསྟན་པས་འཛམ་གླིང་ཡོངས་ལ་ཁྱབ་གྱུར་ཅིག །
ངག༵་ལ་དབ༵ང་བསྒྱུར་འཇམ་དཔལ་སྨྲ་བའི་སེང་། །
གསང་བ་གསུམ་དང་དབྱེར་མེད་ཞུགས་པ་ལས། །
ཀུ༵ན་དག༵འ་སྙིང་པོ་སླར་ཡང་བསམ་བཞིན་བྱོན། །
ཐེ༵ག་ཆེ༵ན་ཆོས་ཀྱི་རྒྱལ་པོ་ཞབས་བརྟན་གསོལ། །
དམ་པའི་ཚུལ་དགུའི་ཡོན་ཏན་དཔ༵ལ་དུ་འབ༵ར། །
འཁོར་ལོ་གསུམ་གྱི་ཕྲི༵ན་ལ༵༵ས་ཕྱོགས་བཅུར་ཁྱབ། །
སྙིགས་དུས་རྒུད་པ་མཐའ་དག་སེལ་མཛད་པའི། །
བསམ་འཕེལ་དབ༵ང་གི༵་རྒྱལ༵་པོ༵་ཞབས་བརྟན་གསོལ། །
དེ་ལྟར་གསོལ་བ་བཏབ་འདི་བླ་མ་དང་། །
ཡི་དམ་ཌཱ་ཀི་སྲུང་མར་བཅས་པ་ཡི། །
བདེན་པའི་བྱིན་མཐུས་གེགས་མེད་འགྲུབ་པ་དང་། །
ཕྱོགས་ལས་རྣམ་རྒྱལ་དགེ་ལེགས་བཀྲ་ཤིས་ཤོག །
ཅེས་པའང་སྐྱབས་མགོན་བདག་ཁྲི་རིན་པོ་ཆེར་ཞབས་པད་ཡུན་བརྟན་གྱི་གསོལ་འདེབས་སྨོན་ཚིག་དང་འབྲེལ་བ་འདིའང་མདོ་སྨད་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ནས་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་ཆུ་འབྲུག་ཟླ་བ་ལྔ་པའི་ཚེས་གསུམ་བཟང་པོར་གུས་པས་གསོལ་བ་བཏབ་བཞིན་འགྲུབ་པར་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ།། །།