Aspiration to Safeguard Happiness in Tibet—Tibetan
༄༅། །བོད་ཁམས་བདེ་བར་སྐྱོབས་པའི་འདོད་དོན་ཞུ་བའི་སྨོན་ལམ་བསམ་དོན་ཀུན་འགྲུབ་ཅེས་བྱ་བ་བཞུགས་སོ། །
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།
ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་དང་། །
ཁྱད་པར་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ།
ཉེ་སྲས་བརྒྱད་དང་གཏད་རབས་གནས་བརྟན་དང་། །
འཛམ་གླིང་རྒྱན་དྲུག་རྨད་བྱུང་སློབ་དཔོན་ཆེ། །
རིག་འཛིན་རྣམ་བརྒྱད་གྲུབ་ཆེན་བརྒྱད་ཅུ་དང་། །
ཀུན་འདུས་རིག་འཛིན་པདྨ་སཾ་བྷ་ཝ། །
མཚན་མཆོག་བརྒྱད་དང་འཕྲུལ་ཚན་བཞི་བཅུ་དང་། །
ཌཱ་ཀི་རྣམ་གཉིས་རྗེ་འབངས་ཉི་ཤུ་ལྔ། །
ཐུབ་དབང་གཉིས་པ་ཞི་འཚོ་ཨ་ཏི་ཤ།
གསར་རྙིང་མཁས་གྲུབ་རིག་པ་འཛིན་རྣམས་དང་། །
སྤྲུལ་པའི་གཏེར་སྟོན་བརྒྱ་རྩ་ལ་སོགས་པ། །
རིག་འཛིན་བླ་མ་བྱེ་བ་ས་ཡ་དང་། །
རྒྱུད་སྡེ་བཞི་དང་ཁྱད་པར་སྒྲུབ་སྡེ་བརྒྱད། །
དཔལ་ཆེན་བཀའ་འདུས་བླ་མ་དགོངས་པ་འདུས། །
མདོ་དང་སྒྱུ་འཕྲུལ་དུས་ཀྱི་འཁོར་ལོ་སོགས། །
ཞི་དང་ཁྲོ་བོའི་དཀྱིལ་འཁོར་བསམ་ཡས་དང་། །
རྗེ་བཙུན་སྒྲོལ་མ་མྱུར་མ་དཔའ་མོའི་ཞབས། །
ཕག་མོ་སེང་གདོང་གནས་གསུམ་དཔའ་བོ་དང་། །
རྣལ་འབྱོར་མ་དཔལ་བྱེ་བ་འབུམ་ཕྲག་ཚོགས། །
མགོན་ཆེན་སྡེ་ལྔ་མ་ནིང་ཞིང་སྐྱོངས་དང་། །
སྔགས་སྲུང་ཁྱབ་འཇུག་དམ་ཅན་རྡོ་རྗེ་ལེགས། །
དྲེགས་པའི་སྡེ་དཔོན་སུམ་ཅུ་ལ་སོགས་པ། །
རྒྱུད་གསུམ་དམ་ཅན་དྲེགས་ཚོགས་འཁོར་བཅས་དང་། །
གཙང་རིས་མགོན་པོ་བདུན་ཅུ་རྩ་ལྔ་མཆེད། །
རྣམ་སྲས་ཛཾ་ལྷ་ནོར་ལྷ་རྒྱ་མཚོ་དང་། །
ཚེ་རིང་མཆེད་ལྔ་བརྟན་མ་འགུལ་ལྷ་སོགས། །
བསྟན་ལ་དགའ་བའི་དཀར་ཕྱོགས་སྐྱོངས་རྣམས་དང་། །
གནས་དང་གཏེར་གྱི་བདག་པོ་ཆེ་རྣམས་སོགས། །
མདོར་ན་རྩ་གསུམ་རབ་འབྱམས་ཐུགས་རྗེ་དང་། །
བྱིན་རླབས་མཐུ་སྟོབས་བདེན་པའི་རྩལ་སྤྲུགས་ཏེ། །
སྙིགས་མ་ལྔ་བདོའི་མཐའ་ལ་ཐུག་པ་ཡི། །
བསྟན་དང་འགྲོ་བའི་བདེ་སྐྱིད་ཉི་མྱུར་ཙམ། །
བསྟན་འཛིན་སྐྱེས་དང་བསྟན་པའི་སྦྱིན་བདག་རྣམས། །
དམངས་སུ་འབེབས་ཤིང་མངའ་ཐང་འཕྲོག་པ་དང་། །
ཆོས་འཁོར་གཉེན་པོ་འཇིག་ལ་ཉེ་བས་ན། །
ཁྱེད་རྣམས་ཐུགས་བསྐྱེད་ནུས་པ་ཟད་དམ་ཅི། །
བདག་ཅག་ཉིན་མཚན་གདུང་ཤུགས་དྲག་པོ་ཡིས། །
དད་མོས་གསོལ་འདེབས་སྙན་གྱིས་མ་གསན་ནམ། །
ད་ནི་ཐུགས་རྗེའི་དཔའ་མཚོན་རབ་བསྐྱེད་དེ། །
ནག་ཕྱོགས་གདུག་པས་བཅོམ་པར་མ་གྱུར་གང་། །
སྐྱོབས་པ་མཛོད་ཅིག་བཅོམ་ཟིན་ཅི་ཞིག་བྱེད། །
དེས་ན་གསང་གསུམ་ཕྲིན་ལས་རྩལ་ཤུགས་ཀྱི། །
ནུས་མཐུ་བསྐལ་པའི་མེ་བཞིན་སྦར་དུ་གསོལ། །
ཁྱད་པར་གུ་རུ་པདྨ་དྲག་པོ་ཡིས། །
སྦས་གནས་གངས་བྲག་རི་གླིང་ལ་སོགས་པས། །
དུ་རུ་ཁ་ཡི་འཇིགས་ལས་སྐྱོབ་བོ་ཞེས། །
ཞལ་བཞེས་དམ་བཅའ་བརྫུན་དུ་ཟད་དམ་ཅི། །
སྔོན་སྨོན་ལྡན་པའི་སྐྱེས་བུ་བླ་མ་དང་། །
ཌཱཀྐིའི་ལུང་བསྟན་འཁྲུལ་མེད་ཐེབས་པ་ཡི། །
ད་ནི་མྱུར་དུ་གནས་ཡུལ་སྦས་པ་རྣམས། །
དཀའ་བ་མེད་པར་འབྱེད་ནས་བསྟན་འཛིན་དང་། །
དད་ལྡན་སྐྱེ་བོ་ཕོ་མོའི་དབུགས་དབྱུང་མཛོད། །
དེ་ལས་འགལ་རྐྱེན་ཉེར་འཚེའི་རིགས་མཐའ་དག །
བདུད་ལས་རྒྱལ་བའི་ཁྲོ་རྒྱལ་གྲོ་བོ་ལོད། །
དྲན་པའི་མོད་ལས་ལྕགས་སྲེག་མེ་བཞིན་དུ། །
ངང་གིས་ཞི་ནས་བསམ་པའི་དོན་ཀུན་འགྲུབ། །
གུ་རུ་པད་འབྱུང་ཁྱེད་ཀྱིས་ལམ་སྣ་དྲོངས། །
ཆོས་སྐྱོང་སྲུང་མ་རྣམས་ཀྱིས་རྒྱབ་ནས་སྐྱོབས། །
དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་གྲོགས་མཛོད་ཅིག །
བདུད་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་ཅིང་། །
ཚེ་བསོད་འདོད་རྒུའི་འབྱོར་པ་རྒྱས་པ་དང་། །
ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་རྣམས། །
དཀར་པོའི་ཕྱོགས་བཞིན་གོང་ནས་གོང་འཕེལ་ཤོག །
སྣོད་བཅུད་རྟེན་འབྲེལ་ཉེས་པའི་ཚོགས་ཀུན་ཞི། །
ཕྱི་ནང་གསང་བའི་རྟེན་འབྲེལ་ཤུགས་འབྱུང་འགྲུབ། །
ཉེས་ཚོགས་ལྟར་སྣང་དགེ་ཞིང་ཤིས་པར་གྱུར། །
རྟེན་འབྲེལ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །
ཇི་ལྟར་སྨོན་པ་འདི་བཞིན་འགྲུབ་པ་ལ། །
དཀོན་མཆོག་རྩ་གསུམ་རྒྱ་མཚོས་བྱིན་གྱིས་རློབས། །
ཆོས་ཉིད་རང་བཞིན་རྣམ་པར་དག་པ་དང་། །
ཆོས་ཅན་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ཀྱིས། །
བདེན་པའི་སྟོབས་ཀྱིས་དབང་དུ་འབྱོར་པ་དང་། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་དར་རྒྱས་ཤོག །
ཅེས་པའང་རབ་ཚེས་ཤིང་ལུག་ལོའི་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྤེལ། སརྦ་མངྒ་ལཾ།། །།