Prayer to Tsarchen Dorje Chang—Tibetan
༄༅། །ཚར་ཆེན་རྡོ་རྗེ་འཆང་ལ་གསོལ་བ་འདེབས་པ་བྱིན་རླབས་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །
ཨེ་མ་ཧོ།
སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །
རྡོ་རྗེ་འཆང་དངོས་ཚར་པ་ཆོས་ཀྱི་རྗེ། །
སྙིང་དབུས་པད་དཀར་བཞད་པའི་རྩེར་མཆོད་དེ། །
མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །
གངས་ཅན་མཁས་དང་གྲུབ་པའི་གཙུག་གི་རྒྱན། །
བིར་ཝའི་ཞལ་གྱི་གདམས་པ་ས་སྐྱ་པ། །
རྗེ་བཙུན་གོང་མའི་སྙན་བརྒྱུད་སློབ་བཤད་ཀྱི། །
ཟབ་དོན་བདུད་རྩིས་མྱོས་པའི་ཚར་པ་རྗེ། །
ཕ་རྒོད་བློ་གསལ་རྒྱ་མཚོར་གསོལ་བ་འདེབས། །
ནཱ་རོ་པ་དང་བྲམ་ཟེ་མཆོག་སྲེད་དང་། །
རྭ་ཆེན་འབྲོག་མི་ལ་སོགས་ལེགས་བརྒྱུད་པའི། །
ཡི་དམ་ཌཱ་ཀི་ཆོས་སྐྱོང་ལ་སོགས་པའི། །
གསེར་ཆོས་ཆིག་བརྒྱུད་བདག་པོར་གསོལ་བ་འདེབས། །
བསླབ་པའི་ཚུལ་ཁྲིམས་དག་པས་ཡིད་འཕྲོག་ཅིང་། །
ཏིང་འཛིན་སྒོ་བརྒྱར་འཇུག་ལྡང་ཐོགས་པ་མེད། །
ཤེས་རབ་གསུམ་གྱི་གཏེར་ཆེན་འཇམ་པའི་དབྱངས། །
དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །
འཆད་མཁས་བློ་ལྡན་བྱེ་བའི་ཡི་ག་འགུགས། །
རྩོད་པས་ཕས་རྒོལ་བྲག་རི་ཕྱེ་མར་འཐག །
རྩོམ་པས་ཐུབ་བསྟན་ལྷུན་པོ་གསལ་བར་བྱེད། །
མཁྱེན་རབ་ཕ་མཐའ་ཡས་ལ་གསོལ་བ་འདེབས། །
བརྩེ་བ་ཆེན་པོས་གཞན་དོན་འབའ་ཞིག་སྤྱོད། །
མཐུ་སྟོབས་ནུས་པས་བདུད་སྡེ་ཕྱེ་མར་འཐག །
ཡི་དམ་ལྷ་ཡི་དགྱེས་ཞལ་རྟག་ཏུ་མཇལ། །
བསྙེན་སྒྲུབ་རྟགས་ཚད་མངོན་གྱུར་གསོལ་བ་འདེབས། །
བསྐྱེད་པའི་རིམ་པས་ཅིར་སྣང་ལྷ་སྐུར་ཤར། །
རྫོགས་པའི་རིམ་པས་རླུང་ཐིག་འགྲོས་རྣམས་ཐིམ། །
སྒྲིབ་གསུམ་བག་ཆགས་དང་བཅས་སྤངས་པ་དང་། །
ས་ལམ་ཡོན་ཏན་རྫོགས་ལ་གསོལ་བ་འདེབས། །
སྙིགས་དུས་རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །
རྡོ་རྗེའི་བླ་མ་དྲན་ཆོག་ཚར་པ་རྗེར། །
མི་ཕྱེད་གུས་པས་རྟག་ཏུ་གསོལ་འདེབས་ན། །
བྱིན་རླབས་དབང་ཆེན་ད་ལྟ་བསྐུར་དུ་གསོལ། །
རིག་སྟོང་ཆོས་ཉིད་མངོན་སུམ་རྟོགས་པ་དང་། །
འགྲོས་བཞི་ཐིམ་ནས་སྐུ་བཞི་མངོན་དུ་བྱས། །
རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །
ཆོས་ཀྱི་རྒྱལ་པོ་ཁྱོད་དང་མཚུངས་པར་ཤོག །
ཅེས་པའང་ཀུན་དགའ་ཕྲིན་ལས་རྒྱ་མཚོ་དོན་གྲུབ་དབང་གི་རྒྱལ་པོས་འདར་གྲོང་ཆེན་གྱི་རྗེ་བླ་མའི་མཆོད་སྡོང་རིན་པོ་ཆེའི་མདུན་མངོན་པར་དད་པའི་བློས་གསོལ་བ་བཏབ་པ་བཞིན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །མེ་སྤྲེལ་ཟླ་༩ཚེས་༧མཆོད་སྡོང་མདུན་སྡོད་ནུབ་འཇམ་དཔལ་ཆོས་དབྱིངས་གསུང་དབང་གི་དབང་གཞན་ལ་བསྐུར་བ་སོགས་དང་གོང་གི་མིང་འདི་སྔར་ཡོད་པ་ལ་དོན་གྲུབ་དབང་གི་རྒྱལ་པོ་ཟེར་བ་སོགས་རྨིས། ས་སྐྱ་བདག་ཁྲི་ཨཱ་ཡུ་བཛྲས་ཕུར་པའི་སྨད་ལས་གནང་སྐབས་སྔགས་འཆང་ཆེན་པོ་མདུན་ཐད་བཞུགས་པའི་ཉམས་དང་། འཇམ་དབྱངས་གཟི་འོད་འབར་བར་གསོལ་སྨོན་སྐབས་བྱིན་རླབས་ཀྱི་མཚན་མ་ཕྲན་བུ་བྱུང་བ་བརྗེད་དེ་ཐལ།། །།