The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Sakya Scholars—Tibetan

English | བོད་ཡིག

༄༅། །དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་མཁས་མཆོག་རྣམས་ལ་གསོལ་འདེབས་བཞུགས་སོ། །

 

རྒྱལ་བས་ལུང་བསྟན་ཐོབ་པ་ཀུན་དགའ་བཟང་། །

རྒྱལ་བ་གཉིས་པ་ཀུན་མཁྱེན་ཨེ་ཝཾ་པ། །

རྒྱལ་སྲས་རྒྱ་མཚོའི་དབུས་ན་མངོན་མཐོ་བ། །

ངོར་ཆེན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །

 

རྗེ་བཙུན་རྡོ་རྗེ་འཆང་ནས་ལེགས་འོངས་བའི། །

སྙན་བརྒྱུད་བསྟན་པའི་སྲོག་ཤིང་རྫོང་པ་རྗེ། །

མཐུ་སྟོབས་དབང་ཕྱུག་ཀུན་དགའ་རྣམ་རྒྱལ་ཞེས། །

རྣལ་འབྱོར་དབང་ཕྱུག་ཆེན་པོར་གསོལ་བ་འདེབས། །

 

སྡེ་སྣོད་འབུམ་ཕྲག་ཐུགས་སུ་ལེགས་པར་ཆུབ། །

མ་ཕམ་མགོན་པོའི་དགྱེས་ཞལ་རྟག་ཏུ་གཟིགས། །

ཐེག་ཆེན་ཟབ་དང་རྒྱ་ཆེའི་དགོངས་དོན་རྟོགས། །

ཀུན་མཁྱེན་སངས་རྒྱས་དཔལ་ལ་གསོལ་བ་འདེབས། །

 

མདོ་སྔགས་རིག་གནས་ཤེས་བྱ་རྒྱ་མཚོ་ནི། །

རྣམ་དཔྱོད་བརྩོན་པས་ཁྱོད་ཐུགས་བུམ་པར་བསྐྱིལ། །

འཆད་རྩོད་རྩོམ་ལ་འགྲན་པའི་ཟླ་བྲལ་བ། །

རོང་སྟོན་སྨྲ་བའི་སེངྒེར་གསོལ་བ་འདེབས། །

 

མ་ཕམ་འཇམ་པའི་དབྱངས་ཀྱི་དགོངས་པའི་མཐིལ། །

མ་ནོར་ཇི་བཞིན་མངོན་སུམ་གསལ་མཛད་ཅིང་། །

སྔགས་བརྒྱུད་རྒྱ་མཚོའི་བཤད་སྒྲུབ་ཕྱོགས་བརྒྱར་སྤེལ། །

ཀུན་མཁྱེན་བསོད་ནམས་སེངྒེར་གསོལ་བ་འདེབས། །

 

གནས་ལྔ་རིག་པ་བྱེ་བའི་ཕུལ་དུ་ཕྱིན། །

ངེས་དོན་སྙིང་པོའི་ལམ་སྲོལ་རྒྱས་པར་མཛད། །

པཎ་ཆེན་ཤཱཀྱ་མཆོག་ལྡན་གྲགས་པའི་དཔལ། །

མཁས་པའི་གཙུག་རྒྱན་ཆེན་པོར་གསོལ་བ་འདེབས། །

 

དམ་པ་རྣམས་ལ་གསོལ་བ་བཏབ་པའི་མཐུས། །

ཚེ་འདིར་བྱང་ཆུབ་སྒྲུབ་པའི་བར་ཆད་ཞི། །

ཕྱི་མར་འདྲེན་མཆོག་གང་དུ་བཞུགས་པའི་སར། །

ཕྱིན་ནས་གསུང་གི་བདུད་རྩིར་སྤྱོད་པར་ཤོག །

 

ཅེས་པའང་རང་སློབ་ཡེ་ན་ཤེས་རབ་ཕུན་ཚོགས་ནས་གསུང་བསྐུལ་བཞིན་ཆོས་ཀྱི་བློ་གྲོས་པས་སོ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ངོར་ཆེན་ཀུན་དགའ་བཟང་པོ།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept