The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Shechen Gyaltsab Long-Life Prayer—Tibetan

English | བོད་ཡིག

༄༅། །སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་ཞབས་བརྟན་འཆི་མེད་གྲུབ་པའི་བདེན་ཚིགས།

 

འཕོ་བྲལ་འགྱུར༵་མེད༵་ཆོས་ཀུན་ངོ་བོ་སྟོང་།    །

རྣམ་པ་མ་འགགས་མཚན་དཔེའི་དཔལ་འབར་བ།    །

པ༵དྨའི༵་རྒྱལ་ཚབ་རྡོ་རྗེའི་རིག་པ་འཛིན།    །

རྣམ༵་པར་རྒྱལ༵་བའི་དབང་པོར་གསོལ་བ་འདེབས།    །

 

གཞ༵ན་ཕན༵་བྱང་ཆུབ་སེམས་ཀྱི་རྩ་བ་བརྟན།    །

ཆོས༵་ཀྱི༵་རྒྱལ་མཚན་བསྒྲེང་ལ་སྙིང་སྟོབས་ཆེས།    །

བསླབ་གསུམ་འཕགས་པའི་ནོར་གྱིས་རྒྱུད་ཕྱུག་པའི།    །

བློ༵་གྲོས༵་ཆེན་པོ་བསྐལ་བརྒྱར་རྟག་བཞུགས་གསོལ།    །

 

རྡོ་རྗེའི་གསང་གསུམ་བགྲེས་རྒུད་ཀུན་དང་བྲལ།    །

ཐུགས༵་མཆོག༵་ཡེ་ཤེས་རིག་པའི་རྩལ༵་ཆེན་རྫོགས།    །

ལྷུན་གྲུབ་རྟག་བརྟན་མི་ཤིག་གཡུང་དྲུང་གིས།    །

སྦས་པའི་ཁྲི་ལ་གཡོ་མེད་བསྐལ་བརྒྱར་བཞུགས།    །

 

སྐུ་འདི་མི་འགྱུར་རི་བོ་ལྟར་བརྟན་ཅིང་།    །

གསུང་འདི་མི་འགགས་ཚངས་དབྱངས་ཆོས་ཆར་འབེབས།    །

ཐུགས་ནི་འགྲོ་བ་ཀུན་ལ་རབ་ཏུ་བརྩེ།    །

དཔལ་ལྡན་བླ་མ་བསྐལ་བརྒྱར་འཚོ་གཞེས་གསོལ།    །

 

དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་ལས།    །

བདག་གཞན་འགྲོ་བའི་རྒུད་པ་ཀུན་ཞི་ཞིང་།    །

ལེགས་ཚོགས་རབ་འཕེལ་ཟླ་ཤེལ་ཅན་དང་འགྲོགས།    །

དགེ་ལེགས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག  །

 

ཅེས་པའང་ཐུབ་བསྟན་ཆོས་འཕེལ་གྱིས་བསྐུལ་བ་དང་།  རང་ཉིད་ཀྱིས་ཀྱང་མངོན་པར་དང་བའི་ཡིད་ཀྱི་མཚམས་སྦྱར་ཏེ་གསོལ་བ་བཏབ་པ་འདི་ཡིད་བཞིན་དུ་འགྲུབ་པ་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ།

Further information:

BDRC Author Profiles: P733 P235

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept