Dudjom Rinpoche Long-Life Prayer—Tibetan
༄༅། །གཏེར་ཆེན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེར་ཞབས་བརྟན་དུ་གསོལ་བ་འཆི་མེད་རྔ་སྒྲ་ཞེས་བྱ་བ།
ཨོཾ་སྭསྟི།
རྩ་གསུམ་ཀུན་འདུས་རྒྱལ་དབང་མཚོ་སྐྱེས་རྗེའི། །
མཁྱེན་བརྩེ་ནུས་པའི་བྱིན་རླབས་སྤྲིན་དཀར་ལས། །
ཕན་བདེའི་མེ་ཏོག་ཆར་དུ་བསྙིལ་བ་དང་། །
ལྷན་ཅིག་ས་གསུམ་བཀྲ་ཤིས་དགེ་ལེགས་སྩོལ། །
ཨོ་རྒྱན་རྗེ་དང་འབྲོག་བན་ལོ་ཙཱ་ཡི། །
ཡེ་ཤེས་གཅིག་ཉིད་དུ་མར་འཆར་བའི་འཕྲུལ། །
གྲུབ་བརྒྱའི་གཙུག་རྒྱན་རིག་འཛིན་བདུད་འཇོམས་རྗེའི། །
རྣམ་རོལ་མཆོག་གི་སྤྲུལ་སྐུ་ཞབས་བརྟན་གསོལ། །
སྲིད་ཞིའི་འཇིགས་བྲལ་དོན་ཀུན་ཡོངས་སུ་གྲུབ། །
ལྷ་མི་ཀླུ་དང་རིག་འཛིན་བྱེ་བས་བསྙེན། །
གདུལ་དཀའ་མ་རུངས་འདུལ་བའི་ཆོས་ཀྱི་ཁྲིར། །
ཞབས་སེན་བཀྲ་ཤིས་འཁོར་ལོ་རྟག་བཞུགས་གསོལ། །
མཁྱེན་རབ་ཡེ་ཤེས་ཉི་གཞོན་འོད་པོ་ཆེ། །
བརྩེ་ཆེན་ཐུགས་རྗེའི་རྟ་བདུན་ཤུགས་ཀྱིས་དྲངས། །
མཐུ་སྟོབས་སྲིད་ཞིའི་མུན་པ་འཇོམས་མཛད་པ། །
དཔའ་ཆེན་ལག་ན་རྡོ་རྗེ་ཞབས་བརྟན་གསོལ། །
འཛམ་གླིང་སྤྱི་དང་གངས་ཅན་སྐྱེ་འགྲོ་ཡི། །
བདེ་སྐྱིད་དཔལ་རྣམས་སྤེལ་བའི་བྱེད་པོ་རུ། །
པདྨའི་ཕོ་ཉ་རྒྱལ་ཚབ་ཆེན་པོ་ཡི། །
གསང་གསུམ་རྟག་པ་དམ་པར་འཚོ་གཞེས་གསོལ། །
བདེ་སྟོང་མཆོག་གི་བརྟུལ་ཞུགས་སྒྱུ་མའི་གར། །
མིག་འཕྲུལ་ལྟ་བུར་རྩེན་དང་ཟབ་གཏེར་གྱི། །
སྒོ་འཕར་བརྒྱ་ཕྲག་འབྱེད་ཅིང་ཆོས་ཀྱི་མཛོད། །
ཐང་མར་བརྡལ་བཞིན་བཞུགས་པར་གསོལ་བ་འདེབས། །
སྐལ་བཟང་གདུལ་བྱ་ཐར་པའི་ལམ་དུ་འགོད། །
གཞན་ཕན་ཕྲིན་ལས་ཕ་མཐའ་ཡས་པ་དང་། །
ནག་ཕྱོགས་བདུད་ཀྱི་རྒོལ་བ་ཀུན་ཞི་ནས། །
དགེ་ལེགས་རྫོགས་ལྡན་སྣང་བས་ཁྱབ་གྱུར་ཅིག །
ཅེས་མཁྱེན་བརྩེ་ནུས་པའི་ཕྲིན་ལས་རྨད་དུ་བྱུང་བའི་མགོན་པོ་མཆོག་ལ་ཞབས་བརྟན་དུ་གསོལ་བ་འདི་ཡང་མདོ་ཁམས་སྡེ་དགེ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ནས་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པས་ས་གླང་ཟླ་ཚེས་བཟང་པོར་གུས་པས་ཕུལ་བ་དགེ། །།