Dilgo Khyentse Long-Life Prayer—Tibetan
༄༅། །འཇམ་མགོན་ཆོས་ཀྱི་བཤེས་གཉེན་གྱི་མཆོག་སྤྲུལ་རིན་པོ་ཆེར་མཚན་འབུལ་དང་ཞབས་བརྟན་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན་ཞེས་བྱ་བ།
ཨོཾ་སྭསྟི་སིདྡྷཾ། །
འཇིག༵ས་མེད༵་ཐེག་མཆོག་ཆོས་ཀྱི་འཁོར་ལོས་བསྒྱུར། །
མཁྱེན༵་དང་བརྩེ༵་བའི་འོད༵་ཟེར༵་སྟོང་འཕྲོ་བས། །
སྙིགས་དུས་བསྟན་འགྲོའི་མུན་པ་ཀུན་སེལ་བ། །
འཇམ་དབྱངས་བླ་མ་བསྐལ་བརྒྱར་འཚོ་བཞེས་གསོལ། །
རང༵་བྱུང༵་པདྨའི་བསྟན་པའི་རྒྱལ་མཚན་རྩེར། །
འོ༵ད་གས༵ལ་ལྷུན་གྲུབ་རིན་ཆེན་ནོར་བུའི་ཏོག །
མདོ་སྔགས་བཤད་སྒྲུབ་དར་གྱི་ཤམ་བུས་མཛེས། །
ཕྱོགས་ལས་རྣམ་རྒྱལ་ཆེན་པོར་ཞབས་བརྟན་གསོལ། །
མི་གཡོ་ཐུགས༵་མཆོག༵་ཀ་དག་དབྱིངས་ཆེན་པོར། །
སྐུ་གསུམ་རྡོ༵་རྗེ༵་སྙིང་པོ་འདུ་འབྲལ་མེད། །
ལྷུན་རྫོགས་བྱ་རྩོལ་བྲལ་བའི་གདན་ཁྲི་ལ། །
འཆི་མེད་རྟག་པ་དམ་པར་འཚོ་གཞེས་གསོལ། །
མཁྱེན་གཉིས་ཡེ་ཤེས་རོལ་པའི་རྒྱ་མཚོ་ཆེར། །
སྐུ་བཞིའི་བང་རིམ་བཟང་པོ་ལྟ་ན་སྡུག །
རྡོ་རྗེའི་ལྷུན་པོ་སྲིད་ཞིའི་ཁམས་སུ་མཐོ། །
མཐུ་སྟོབས་ཕྲིན་ལས་རྩལ་ཆེན་རྒྱས་གྱུར་ཅིག །
དེ་ལྟར་གསོལ་བ་བཏབ་བཞིན་འགྲུབ་པ་དང་། །
རྩ་གསུམ་རབ་འབྱམས་ཐུགས་རྗེའི་བདེན་སྟོབས་ཀྱིས། །
དཔལ་ལྡན་བླ་མའི་ཞབས་པད་ཡུན་དུ་བརྟན། །
པདྨ་རྒྱལ་དང་རྣམ་དབྱེར་མེད་པར་ཤོག །
ཅེས་པའི་མཚན་འབུལ་དང་འབྲེལ་བའི་ཞབས་བརྟན་སྨོན་ཚིག་དང་། བཀྲ་ཤིས་པའི་ལྷ་རྫས། རྡོ་རྗེ་གསུམ་གྱི་སྣང་བརྙན་བཅས་ཀུན་གཟིགས་མཉྫུ་གྷོ་ཥའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་སྡེ་ནས་ཤིང་ཁྱི་ཐ་སྐར་ཟླ་བའི་ཚེས་བཟང་པོར་གུས་པས་ཕུལ་བ་དེ་བཞིན་འགྲུབ་པར་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་མངྒ་ལཾ།། །།