Praise to Ngorchen Kunga Zangpo—Tibetan
༄༅། །རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་བསྟོད་སྨོན་ཚུལ་ཁྲིམས་དག་བྱེད་ཅེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི།
སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཡི། །
བདེན་གསུང་ལུང་གིས་བསྔགས་པའི་མེ་ཏོག་འཐོར། །
སྙིགས་དུས་ཐུབ་དབང་གཉིས་པ་ཀུན་དགའ་བཟང་། །
གང་གི་རྣམ་ཐར་དྲན་བཞིན་གུས་པས་བསྟོད། །
བྱང་ཕྱོགས་གངས་རིའི་ལྗོངས་འདིར་མདོ་དང་སྔགས། །
མ་ནོར་ཇི་བཞིན་འཆད་ལ་འགྲན་ཟླ་བྲལ། །
སྡོམ་གསུམ་རྣམ་དག་སློབ་ཚོགས་གསེར་རིའི་ཕྲེང་། །
ནོར་འཛིན་ཁྱོན་ཀུན་ཡོངས་སུ་ཁྱབ་ལ་འདུད། །
བསྐྱེད་དང་རྫོགས་པའི་རྣལ་འབྱོར་ཟབ་མོ་ཡིས། །
རང་དོན་ཆོས་སྐུའི་རྒྱལ་ས་མངོན་དུ་བརྙེས། །
གཞན་དོན་ཕྲིན་ལས་ནམ་མཁའི་མཐར་ཁྱབ་པ། །
རྗེ་བཙུན་ཨེ་ཝྃ་པ་ལ་གུས་པས་བསྟོད། །
མཁྱེན་པའི་ཡེ་ཤེས་འཇམ་དཔལ་དཔའ་བོ་དང་། །
བརྩེ་བ་ལག་ན་པད་དཀར་འཆང་བ་དངོས། །
ནུས་པ་རྒྱུད་ཀུན་སྡུད་མཛད་རྡོ་རྗེ་འཛིན། །
དབྱེར་མེད་དཔལ་ལྡན་བླ་མར་གུས་པས་བསྟོད། །
ཚུལ་ཁྲིམས་གཙང་ཞིང་ལྟ་སྤྱོད་རྣམ་པར་དག །
གཟུངས་དང་ཏིང་འཛིན་ཡོན་ཏན་རྒྱ་མཚོ་བརྙེས། །
དབང་བཞིའི་ཆུ་བོ་གདུལ་བྱའི་ཞིང་སར་འབེབས། །
སྨིན་ཅིང་གྲོལ་བར་མཛད་ལ་བསྟོད་པར་བགྱི། །
དེ་ལྟར་རྨད་བྱུང་གུས་འདུད་དྲག་པོ་ཡིས། །
བསྟོད་ཅིང་གསོལ་བ་འདེབས་པའི་བྱིན་རླབས་ཀྱིས། །
ནམ་མཁའི་མཐའ་གཏུགས་མཐའ་ཡས་འགྲོ་བ་རྣམས། །
སྡུག་བསྔལ་ལས་གྲོལ་བྱང་ཆུབ་ཐོབ་པར་ཤོག །
ཁྱད་པར་བདག་སོགས་ཁྱོད་ཀྱི་རྗེས་འཇུག་རྣམས། །
སྒོ་གསུམ་བག་མེད་ཉེས་སྤྱོད་ལས་སྡོམ་ཞིང་། །
ངེས་འབྱུང་ཚུལ་ཁྲིམས་ཁང་བཟང་ཉམས་དགའ་བར། །
ཞུགས་ནས་བྱང་ཆུབ་སེམས་མཆོག་སྐྱེ་བར་ཤོག །
རྡོ་རྗེ་ཐེག་པའི་ཚུལ་ལ་རབ་གནས་ཏེ། །
སྡོམ་དང་དམ་ཚིག་རྣམ་པར་དག་པ་དང་། །
རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ། །
རྡོ་རྗེ་འཛིན་རྒྱལ་མངོན་དུ་འགྱུར་བར་ཤོག །
དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །
རྒྱལ་བ་གཉིས་པ་རིགས་ཀྱི་བདག་པོར་ཐོབ། །
གསུང་གསང་བདུད་རྩིའི་བཅུད་ཀྱིས་འཚོ་བ་དང་། །
སྤངས་རྟོགས་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ཤོག །
ཅེས་པའང་མི་ཕྱེད་དད་ཅིང་གུས་པའི་བློ་ལྡན་ཆོས་ཀྱི་བློ་གྲོས་པས་ཁྲུམས་སྟོད་ཟླ་བའི་ཚེས་༨ ལ་བྲིས་པ་འདིས་ཀྱང་རྗེ་བཙུན་བླ་མའི་བྱིན་རླབས་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག། །།