The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Praise of Loter Wangpo—Tibetan

English | བོད་ཡིག

༄༅། །རྡོ་རྗེ་འཆང་བློ་གཏེར་དབང་པོ་ལ་བསྟོད་པ་བྱིན་རླབས་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ།།

 

ཨོཾ་སྭསྟི།

རྡོ་རྗེ་འཆང་དབང་མི་ཡི་གཟུགས་འཛིན་པ། །

དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་བྱེད་པོ་མཆོག །

དཔལ་ལྡན་བརྟན་གཡོ་ཀུན་ཁྱབ་གསང་བའི་བདག །

སྙིང་དབུས་པད་དཀར་བཞད་པའི་ཟེའུ་འབྲུར་འདུད། །

 

སངས་རྒྱས་ཀུན་གྱི་གསང་འཛིན་དབང་པོ་ནི། །

ལག་ན་རྡོ་རྗེ་མ་རུངས་བདུད་དགྲའི་གཤེད། །

མཐུ་སྟོབས་ནུས་པ་རྒྱ་མཚོའི་གཏེར་ཆེན་དང་། །

དབྱེར་མེད་དཔལ་ལྡན་བླ་མའི་ཞབས་ལ་འདུད། །

 

གཞོན་ནུ་ཉིད་ནས་རིགས་ཀྱི་ནུས་པ་སད། །

བྱང་ཆུབ་སྤྱོད་པ་ཡོངས་སུ་དག་པ་དང་། །

ཐོས་བསམ་སྒོམ་པའི་ཕ་མཐར་སོན་པ་ཡི། །

ཐམས་ཅད་མཁྱེན་དངོས་བླ་མའི་ཞབས་ལ་འདུད། །

 

འཆད་མཁས་བློ་ལྡན་བྱེ་བའི་ཡིད་དབང་འཕྲོག །

རྩོད་པས་ལོག་སྨྲའི་རོ་འཛིན་དྲུང་ནས་གཅོད། །

རྩོམ་པས་ཐུབ་བསྟན་ཉིན་མོར་བྱེད་མཁས་པ། །

བྱང་ཕྱོགས་ཐུབ་དབང་གཉིས་པའི་ཞབས་ལ་འདུད། །

 

བསྟན་དང་འགྲོ་ལ་ཐུགས་བསྐྱེད་ཟླ་མེད་པས། །

སྤོང་དང་ཀློག་པའི་ཕྲིན་ལས་མཁའ་མཐར་བརྡལ། །

སྐུ་གསུང་ཐུགས་ཀྱི་རྟེན་མཆོག་བཞེངས་པ་སོགས། །

རྒྱལ་སྲས་ཁྱུ་མཆོག་ཆེན་པོའི་ཞབས་ལ་འདུད། །

 

སྙིགས་དུས་བསྟན་པ་རིན་ཆེན་ཉམས་དམས་པར། །

ཐུགས་བསྐྱེད་རྡོ་རྗེའི་རི་བོ་ལྟར་བརྟན་པས། །

རྡོ་རྗེ་འཆང་གི་གསང་བ་སྔགས་ཀྱི་མཛོད། །

སྡུད་པོ་རྡོ་རྗེ་འཛིན་པའི་ཞབས་ལ་འདུད། །

 

རྣལ་འབྱོར་དབང་ཕྱུག་རྗེ་བཙུན་བིརྭ་པའི། །

སྙན་བརྒྱུད་བསྟན་པ་རིན་ཆེན་གསལ་མཛད་ཅིང་། །

ས་གསུམ་འགྲན་ཟླ་བྲལ་བའི་ཆོས་ཀྱི་རྗེ། །

དྲན་པས་གདུང་སེལ་བླ་མའི་ཞབས་ལ་འདུད། །

 

རྡོ་རྗེའི་སྐུ་ཡི་དཀྱིལ་འཁོར་རྣམ་པ་བཞིར། །

ཟབ་དོན་བདུད་རྩིའི་འགྲོས་བཞི་ཐིམ་པ་ལས། །

སྐུ་བཞིའི་དབང་ཕྱུག་དཔལ་ལྡན་ཧེ་བཛྲ། །

འཇམ་དབྱངས་བློ་གཏེར་དབང་པོའི་ཞབས་ལ་འདུད། །

 

དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །

སྐྱེ་དང་སྐྱེ་བར་བླ་མས་རྗེས་བཟུང་སྟེ། །

རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །

གསང་བ་གསུམ་དང་དབྱེར་མེད་འགྱུར་བར་ཤོག །

 

ཅེས་ཁྱབ་བདག་འཁོར་ལོའི་མགོན་པོར་བསྟོད་པ་འདིའང་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་གཟུགས་གཙང་གསར་མཆོག་སྤྲུལ་རིན་པོ་ཆེས་ཚོགས་འདོན་བྱ་རྒྱུར་བྲིས་ཤིག་ཅེས་བཀའ་སྩལ་སྤྱི་བོར་མཆོད་དེ་མགོན་པོ་གང་དེའི་བཀའ་འབངས་ཐ་ཆུང་རྨོངས་རྟུལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་འདིར་འབྲེལ་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་བློ་གཏེར་དབང་པོ།

Further information:

BDRC Author Profiles: P733 P560

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept