Praise of Jetsün Milarepa—Tibetan
༄༅། །རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་བསྟོད་པ་བཞུགས་སོ།།
རྟོག་པའི་དྲྭ་བ་ཐམས་ཅད་རབ་སྤངས་པ། །
མི་བསྐྱོད་རྡོ་རྗེའི་ངོ་བོར་བྱང་ཆུབ་ཀྱང༌། །
ཐུགས་རྗེ་རླུང་གི་ཤུགས་ཀྱིས་ཉེར་དྲངས་པའི། །
རྡོ་རྗེ་རྒྱལ་མཚན་ཨུ་དུམྦ་ར་བཞད། །
ཉེ་བའི་ཤེད་བུའི་རླུང་དམར་འཁྲུགས་པ་ན། །
ཕུང་བྱེད་ལྕགས་ཀྱི་རིལ་བུའི་ཆར་ཕབ་པས། །
འདོད་དགུའི་དངོས་པོ་སྟོང་པའི་དབྱིངས་སུ་བསྐྱལ། །
མཐུ་ཆེན་དཔའ་བོའི་མཚན་གྱི་གྲགས་པ་འབར། །
སྔོན་སྨོན་གསེར་གྱི་སྐུད་པས་སྦྲེལ་བ་ལས། །
དགྱེས་མཛད་མར་པའི་མཚན་ཙམ་ཐོས་པའི་མོད། །
རབ་དགའི་སིམ་པ་བསྐྱེད་དང་ལྷན་ཅིག་ཏུ། །
ཧེ་རུ་ཀ་དངོས་དགྱེས་ཞལ་ཅིར་ཡང་ངོམ། །
ལྟར་སྣང་རྣམ་སྨིན་གཟུགས་ཕུང་རབ་གདུལ་ནས། །
གསེར་སྦྱང་བཙོ་མ་བཞིན་དུ་དག་པ་ལ། །
རྡོ་རྗེ་བཞི་ཡི་ས་བོན་བཏབ་མ་ཐག །
སྲིད་པའི་སྒོ་འཕར་བརྒྱ་ཕྲག་བཅད་པ་དང༌། །
ཟག་བཅས་འབྱུང་བ་གཏུམ་མོའི་མེ་ཡིས་སྲེག །
ཧཾ་ཡིག་རི་བོང་འཛིན་པ་བཞུ་བཏུལ་གྱི། །
དྭངས་མའི་སྟོབས་སྨིན་རྩ་རླུང་ཁམས་རྣམས་གྲོལ། །
ཚེ་འདིར་མཆོག་དངོས་གྲུབ་པ་ཨེ་མ་ཧོ། །
བྱང་ཕྱོགས་བསིལ་ལྡན་མཛེས་རྒྱན་གྲུབ་པའི་ཏོག །
སྒྲུབ་བརྒྱུད་རིག་འཛིན་བྱེ་བས་ཞབས་རྟེན་གྱི། །
པདྨོ་གཙུག་ཏུ་བླང་ལ་ཁེངས་པ་མེད། །
གྲུབ་ཐོབ་རྣལ་འབྱོར་ཕོ་མོས་ཁྱོན་ཀུན་བཀང༌། །
གྲགས་སྟོང་རྡོ་རྗེའི་ཐོལ་གླུ་དབྱངས་སྙན་པོ། །
འགྲོ་བ་ཀུན་གྱི་རྣ་བའི་བདུད་རྩིར་གྱུར། །
ཐོས་གྲོལ་གསུང་གི་ཆ་ཙམ་མཇལ་བས་ཀྱང༌། །
ཉམས་རྟོགས་དཀར་པོའི་ཚེས་ཀྱི་ཆ་འཕེལ་བའི། །
བཀའ་དྲིན་མཚུངས་མེད་རྗེ་བཙུན་རྡོ་རྗེ་འཆང༌། །
མི་ལ་བཞད་པ་རྡོ་རྗེ་དེང་ནས་བཟུང༌། །
སྙིང་གི་དབུས་སུ་འབྲལ་བ་མེད་པར་བཞུགས། །
ལྷན་སྐྱེས་ཡེ་ཤེས་སྣང་བ་རྒྱས་པར་ཤོག །
ཅེས་པའང་ཆོས་ཀྱི་བློ་གྲོས་པས་དད་ཅིང་གུས་པ་ཆེན་པོས་གསོལ་བ་བཏབ་པ། དགེ་ལེགས་སུ་གྱུར་ཅིག །