Offering to Norbu Dradül Tsal—Tibetan
༄༅། །ནོར་བུ་དགྲ་འདུལ་རྩལ་གྱི་གསོལ་ཀ
ཀྱཻ། རིགས་གསུམ་གཅིག་བསྡུས་པདྨ་འབྱུང་གནས་ཀྱི། །
ཐུགས་རྗེའི་རོལ་རྩལ་ཁྲི་སྲོང་ལྡེའུ་བཙན་གྱི། །
ཕྲིན་ལས་རྣམ་འཕྲུལ་ནོར་བུ་དགྲ་འདུལ་རྩལ། །
སྲས་ཡུམ་བཙུན་མོ་བློན་འཁོར་བཅས་པ་དང་། །
དགྲ་ལྷ་ཝེར་མའི་ཚོགས་བཅས་འདིར་གཤེགས་ལ། །
གཏོར་མ་གསེར་སྐྱེམས་བསང་གི་མཆོད་པ་བཞེས། །
སྨྱོ་བའི་འདྲེ་ཐུལ་སྡང་བའི་དགྲ་སྲོག་ཆོད། །
ནག་ཕྱོགས་རྒྱ་འདྲེ་འབྱུང་པོའི་རྒྱུ་བ་ཆོད། །
བདག་འཁོར་ཡོན་བདག་བྱམས་པའི་ཐུགས་ཀྱིས་སྐྱོངས། །
རེ་སྨོན་མཐའ་རྒྱས་ཡིད་བཞིན་འགྲུབ་པ་དང་། །
ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །
ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། །།