The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Mahāyāna Aspiration Prayer—Tibetan

English | བོད་ཡིག

༄༅། །ཐེག་ཆེན་སྨོན་ལམ་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཅེས་བྱ་བ་བཞུགས་སོ།  །

 

ན་མོ་གུ་རུ།

རྡོ་རྗེའི་བླ་མ་རིག་འཛིན་ཚོགས་རྣམས་དང་།  །

ཡི་དམ་གྲུབ་སྟེགས་ཌཱ་ཀཱི་ཆོས་སྐྱོངས་ཚོགས།  །

བདག་གི་ཇི་ལྟར་སྨོན་པ་འདི་བཞིན་དུ།  །

རྣམ་དག་འགྲུབ་པའི་དཔང་པོ་མཛད་དུ་གསོལ།  །

 

ཚེ་འདི་མི་རྟག་རྩ་རྩེའི་ཟིལ་པ་འདྲ།  །

དོ་ནུབ་སང་ཡང་ནམ་འཆི་ཆ་མེད་པས།  །

སྲིད་པའི་ཕུན་ཚོགས་ཀུན་ལ་ཞེན་ལོག་སྟེ།  །

ངེས་འབྱུང་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས།  །

 

ཐར་པའི་ལམ་གྱི་གཞི་མ་ཚུལ་ཁྲིམས་ཀྱི།  །

ས་གཞི་གཙང་མ་བྱི་དོར་ལེགས་བྱས་ནས།  །

ལྟུང་བ་སྡེ་ལྔ་ཕྲ་རགས་དང་བཅས་པས།  །

ནམ་ཡང་གོས་པ་མེད་པར་བྱིན་གྱིས་རློབས།  །

 

གཞན་ཕན་བྱང་ཆུབ་སེམས་ཀྱི་ནོར་བུ་ལ།  །

རང་དོན་ཡིད་བྱེད་རྟོག་པ་ངན་པ་ཡིས།  །

མ་སླད་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།  །

མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།  །

 

མཚན་ཉིད་ཚང་བའི་རྡོ་རྗེ་སློབ་དཔོན་ལས།  །

རྣམ་དག་དབང་གིས་བདག་རྒྱུད་སྨིན་བྱས་ནས།  །

དམ་ཚིག་གཉན་པོ་ཚུལ་བཞིན་བསྲུང་བ་ཡིས།  །

རྡོ་རྗེའི་ལམ་མཆོག་ནོར་མེད་རྙེད་གྱུར་ཅིག  །

 

བསྐྱེད་དང་རྫོགས་པས་ཐ་མལ་སྣང་ཞེན་སྡོམ།  །

ཕུང་ཁམས་རྩ་རླུང་ཐིག་ལེའི་དྲྭ་བ་ཀུན།  །

ཤིན་ཏུ་རྣམ་དག་རྡུལ་བྲལ་འོད་གསལ་དུ།  །

སྨིན་ནས་འགྱུར་མེད་བདེ་ཆེན་མཐར་སོན་ཤོག  །

 

ཉེ་ལམ་ཟབ་མོའི་བླ་མའི་རིམ་པ་ཡིས།  །

གཉུག་མའི་སེམས་ལ་བྱིན་གྱིས་རློབས་པ་དང་།  །

མཁའ་ཁྱབ་རྡོ་རྗེའི་ཡེ་ཤེས་མཁའ་ཆེན་པོ།  །

མ་ནོར་ཇི་བཞིན་མངོན་སུམ་རྟོགས་པར་ཤོག  །

 

སྐྱེ་བ་ཀུན་ཏུ་བླ་མ་རྡོ་རྗེ་འཆང་།  །

རྩ་གསུམ་འདུས་ཞལ་ཆེན་པོར་ངེས་ཤེས་རྙེད།  །

བཅོས་མིན་མོས་གུས་ནང་ནས་སྐྱེ་བ་དང་།  །

རང་འབྲས་དང་པོའི་སངས་རྒྱས་ཐོབ་པར་ཤོག  །

 

སྲིད་པ་ཇི་སྲིད་གནས་ཀྱི་བར་དག་ཏུ།  །

བྱང་ཆུབ་སེམས་དཔའི་ལུས་བཟང་ལ་བརྟེན་ནས།  །

མཐའ་ཡས་འགྲོ་བའི་དོན་རྣམས་སྒྲུབ་པ་ལ།  །

འཇམ་དཔལ་དཔའ་བོའི་སྨོན་ལམ་རྫོགས་པར་ཤོག  །

 

ཁྱད་པར་ལྔ་བརྒྱའི་ཐ་མར་བསྟན་འགྲོ་ལ།  །

འཚེ་བའི་འབྱུང་པོ་མི་དང་མི་མིན་རྣམས།  །

སྙིང་རྗེ་དྲག་པོར་ཁྲོས་པའི་སྟོབས་ཤུགས་ཀྱིས།  །

བདུད་ཀྱི་སྡེ་ཚོགས་ཕྱེ་མར་འཐག་བྱེད་ཤོག  །

 

གང་ཞིག་ལྟ་སྤྱོད་ངན་པའི་རྩ་སྦུར་རྣམས།  །

རྣམ་མང་ལུང་དང་རིག་པའི་ཞུགས་ཆེན་གྱིས།  །

སྐད་ཅིག་ཙམ་ལ་བསྲེག་ནས་ཡང་དག་གི  །

ལྟ་སྒོམ་སྤྱོད་པ་འཁྲུལ་མེད་གསལ་ནུས་ཤོག  །

 

སྔོན་བྱོན་ཇོ་བོ་ཡབ་སྲས་རྣམ་ཐར་དང་།  །

ཕྱག་རྫོགས་གྲུབ་པའི་སློབ་དཔོན་ཆེ་རྣམས་ཀྱི།  །

མཛད་པ་ཇི་སྙེད་ཀུན་ལ་དབང་འབྱོར་ཏེ།  །

རྒྱལ་བའི་བསྟན་ལ་བྱ་བ་བྱེད་པར་ཤོག  །

 

མདོར་ན་བྱང་ཆུབ་སྤྱོད་པའི་སྨོན་ལམ་རྣམས།  །

མ་ལུས་བདག་གི་རྒྱུད་ལ་ཡོངས་སུ་རྫོགས།  །

ནམ་ཞིག་འཁོར་བ་སྟོང་པར་གྱུར་པའི་ཚེ།  །

ཀུན་བཟང་ཆོས་སྐུའི་ཀློང་དུ་ཐིམ་གྱུར་ཅིག  །

 

ཅེས་པའང་ཤིང་ཁྱི་དབྱུ་གུ་ཟླ་བའི་ཚེས་ལ་ཆོས་ཀྱི་བློ་གྲོས་པས་སྨོན་པ་དེ་བཞིན་འགྲུབ་པར་གྱུར་ཅིག།  །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept