The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Mipham Rinpoche Guru Yoga—Tibetan

English | བོད་ཡིག

༄༅། །ཀུན་གཟིགས་མ་ཧཱ་པཎྜི་ཏ་མི་ཕམ་འཇམ་པའི་དབྱངས་ཀྱི་བླ་མའི་རྣལ་འབྱོར་ཡེ་ཤེས་སྣང་བ་རྒྱས་པ་ཞེས་བྱ་བ་བཞུགས་སོ།  །

 

ན་མོ་མཉྫུ་ཤྲཱི་གུ་ར་ཝེ།

དེ་ལ་ལམ་ཐམས་ཅད་ཀྱི་མཐར་ཐུག་ཟབ་མོ་བླ་མའི་རྣལ་འབྱོར་གྱིས་མཁྱེན་གཉིས་སྣང་བ་རྒྱས་པར་འདོད་པས་འདིར་འཇུག་པར་བྱ་སྟེ།  དེ་ལའང་གསུམ།  སྔོན་འགྲོ།  དངོས་གཞི།  རྗེས་སོ།  །

 

དང་པོ་ལ་གཉིས།

སྐྱབས་སུ་འགྲོ་བ་ནི།

བདག་གཞན་ཡིད་ཅན་འགྲོ་བ་མཐའ་དག་ཀུན།  །

དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར།  །

བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེར།  །

སྐྱབས་སུ་མཆིའོ་བདག་རྒྱུད་བྱིན་གྱིས་རློབས།  །

ལན་གསུམ།

གཉིས་པ་སེམས་བསྐྱེད་ནི།  །

བདག་གིས་མཁའ་མཉམ་འགྲོ་བའི་དོན་སླད་དུ།  །

ལམ་གྱི་སྙིང་པོ་ཟབ་མོ་བླ་མ་ཡི།  །

རྣལ་འབྱོར་མཆོག་ལ་རྟག་ཏུ་བརྩོན་བྱས་ནས།  །

སྲིད་ཞིར་མི་གནས་གོ་འཕང་མཆོག་ཐོབ་བྱ།  །

ལན་གསུམ།

གཉིས་པ་དངོས་གཞི་ལ་གསུམ་ལས།

དང་པོ་རྟེན་བསྐྱེད་པ་ནི།

གཟུང་འཛིན་ཆོས་ཀུན་མི་དམིགས་སྟོང་པའི་ངང་།  །

མདུན་མཁར་སེང་ཁྲི་པདྨ་ཟླ་བའི་སྟེང་།  །

མཁྱེན་པའི་གཏེར་ཆེན་མི་ཕམ་རྣམ་པར་རྒྱལ།  །

དཀར་གསལ་ཞི་འཛུམ་ཕྱག་གཡས་ཆོས་འཆད་ཀྱི།  །

ཕྱག་རྒྱས་ཨུཏྤལ་སྟེང་ན་རལ་གྲི་བསྣམས།  །

གཡོན་པས་མཉམ་བཞག་མདོ་སྔགས་གླེགས་བམ་འཛིན།  །

སྐུ་ལ་ཆོས་གོས་ཞབས་གཉིས་སྐྱིལ་མོ་ཀྲུང་།  །

དབུ་ལ་པཎ་ཞུ་སྣེ་རིང་མཛེས་པར་གསོལ།  །

རབ་འབྱམས་སྐྱབས་ཀུན་འདུས་པའི་སྐུར་གསལ་བའི།  །

གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པར་གསལ།  །

གཉིས་པ་ཚོགས་བསགས་པ་ནི།

སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ལ།  །

ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ།  །

ཕྱི་ནང་གསང་བའི་མཆོད་པའི་སྤྲིན་གྱིས་མཆོད།  །

ཚེ་རབས་ཐོག་མེད་བསགས་པའི་སྡིག་ལྟུང་བཤགས།  །

འཁོར་འདས་དགེ་བ་ཀུན་ལ་རྗེས་ཡི་རང་།  །

ཆོས་ཀྱི་འཁོར་ལོ་བླ་མེད་བསྐོར་བར་བསྐུལ།  །

ཇི་སྲིད་མྱ་ངན་མི་འདའ་བཞུགས་གསོལ་འདེབས།  །

དགེ་ཚོགས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ།  །

བདག་གཞན་འགྲོ་ཀུན་སྲིད་ལས་རྣམ་གྲོལ་ཤོག  །

རྒྱས་པར་སྤྲོ་ན་མཎྜལ་ཀྱང་ལན་གྲངས་ཅི་རིགས་པར་འབུལ།

གསུམ་པ་གསོལ་བ་འདེབས་པ་ནི།

མོས་གུས་ཤུགས་དྲག་ཏུ་བསྐྱེད་ལ།

རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས།  །

དགོངས་པའི་ཀློང་ནས་སྤོབས་པའི་གཏེར་བརྒྱད་གྲོལ།  །

ལུང་རྟོགས་ཆོས་ཚུལ་རྒྱ་མཚོའི་མངའ་བདག་མཆོག  །

ཨ་ཛཱི་ཏ་བི་ཛ་ཡ་ལ་གསོལ་བ་འདེབས།  །

ཞེས་ལན་གྲངས་ཅི་ནུས་དང་།  རྒྱས་པར་རྣམ་ཐར་བསྟོད་པ་དང་།  གསོལ་འདེབས་མཁས་གྲུབ་ཆེན་པོ་རྣམས་ཀྱིས་མཛད་པའི་རིགས་རྣམས་འདོན།

ཐུགས་རྒྱུད་བསྐུལ་བའི་བཟླས་པ་ནི།

ཨོཾ་ཨཱཿཧཱུྃ་གུ་རུ་མཉྫུ་གྷོ་ཥ་ཨ་ཛཱི་ཏ་བི་ཛ་ཡ་སརྦ་སིདྡྷི་ཧཱུྃ།

ཞེས་པའང་བཟླའོ།  །

ཤེས་རབ་འཕེལ་བའི་སླད་དུ་བཟླས་པ་བྱ་བར་སྤྲོ་ན།

བླ་མའི་ཐུགས་དབུས་འཁོར་ལོ་དཀར་པོ་ནི།  །

རྩིབས་དྲུག་ལྟེ་བར་དྷཱིཿཡིག་དམར་སེར་དང་།  །

རྩིབས་སྟེང་ཡིག་འབྲུ་རེ་རེས་མཚན་པ་ལས།  །

འཁོར་ལོ་སྔགས་བཅས་དཔག་མེད་རབ་འཕྲོས་པ།  །

བདག་གི་སྙིང་དབུས་ཐིམ་པས་སྡིག་སྒྲིབ་སྦྱོང་།  །

རྨོངས་པའི་མུན་པ་མ་ལུས་སེལ་བར་གྱུར།  །

ཨོཾ་ཨ་ར་པ་ཙ་ན་དྷཱིཿ

བརྒྱ་སྟོང་སོགས་བཟླའོ།

གསུམ་པ་རྗེས་ལ་གཉིས།

དང་པོ་དབང་བླང་ཞིང་རང་ལ་བསྟིམ་པ་ནི།

བླ་མའི་གནས་གསུམ་འོད་ཟེར་དཀར་དམར་མཐིང་།  །

རིམ་དང་ཅིག་ཆར་བྱུང་ནས་སྒོ་གསུམ་ཐིམ།  །

སྒྲིབ་པ་བཞི་དག་དབང་ཐོབ་སྐུ་བཞི་ཡི།  །

ས་བོན་ཐེབས་ནས་བླ་མ་རང་ལ་ཐིམ།  །

ཆོས་ཉིད་མ་བཅོས་དེ་བཞིན་ཉིད་ཀྱི་ངང་།  །

རང་བབས་གནས་ལུགས་རང་ཞལ་བལྟ་བར་བྱ།  །

ཞེས་ཅི་ནུས་སུ་མཉམ་པར་བཞག  །

གཉིས་པ་ཐུན་ལས་ལྡང་བ་ནི།

དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར།  །

བླ་མ་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་།  །

བཀའ་དང་བསྟན་བཅོས་ཀུན་ལ་མཚུངས་མེད་ཀྱི།  །

བློ་གྲོས་སྤོབས་པའི་གཏེར་ཆེན་སྩལ་དུ་གསོལ།  །

 

བདག་གི་སྒོ་གསུམ་བྱ་བ་ཅི་བགྱིས་པ།  །

གཞན་ལ་ཕན་པ་འབའ་ཞིག་འགྱུར་བ་དང་།  །

མཁྱེན་བརྩེ་ནུས་པ་མི་ཕམ་འཇམ་དབྱངས་ཀྱི།  །

རྣམ་ཐར་ཡོངས་རྫོགས་མངོན་དུ་འགྱུར་བར་ཤོག  །

ཅེས་དང་གཞན་ཡང་བསྔོ་སྨོན་གང་ཤེས་དང་།  སྣང་གྲགས་རིག་གསུམ་བླ་མའི་ཁྱེར་སོ་གསུམ་དང་མི་འབྲལ་བར་བྱའོ།  །

 

ཞེས་པའང་ཨ་ཛི་རོང་གི་གཟུར་ལྷ་འབུམ་སྤྲུལ་སྐུ་འཇམ་དབྱངས་བསྟན་འཛིན་བཟང་པོས་བསྐུལ་བ་བཞིན་ཆོས་ཀྱི་བློ་གྲོས་པས་ཀཿཐོག་རྡོ་རྗེ་གདན་དུ་བྲིས་པ་སིདྡྷི་རསྟུ།  དགེའོ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Jamgön Mipham Rinpoche

Further information:

BDRC Author Profiles: P733 P252

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept