The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Three Deities of Long Life—Tibetan

English | Français | བོད་ཡིག

༄༅། །འཆི་མེད་ཚེ་ལྷ་རྣམ་གསུམ་ལ་འདོད་དོན་དངོས་གྲུབ་བསྐུལ་བ་འཆི་མེད་རྡོ་རྗེའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།    །

 

ན་མོ་གུ་རུ་ཨརྱ་ཏཱ་རེ་ཡེ།

 

ཨོཾ་སྭ་སྟི།

འཆི་མེད་རྟག་པ་དམ་པའི་སྐུ།    །

འགགས་མེད་ཚངས་དབྱངས་ནཱ་དའི་གསུང་།    །

མི་ཤིག་རྡོ་རྗེའི་ཐུགས་མངའ་བ།    །

བླ་མ་ཡིད་བཞིན་འཁོར་ལོས་སྐྱོངས།    །

 

རྡོ་རྗེ་སེམས་དཔའི་ལང་ཚོ་བརྙེས།    །

བདེ་ཆེན་ཁ་སྦྱོར་གྲུབ་པ་ཡི།    །

ཟུང་འཇུག་བདུད་རྩིའི་རྟག་མྱོས་པ།    །

རྩ་བརྒྱུད་བླ་མས་བྱིན་བརླབས་རྩོལ།    །

 

དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ།    །

ཤེས་རབ་ཕ་རོལ་ཕྱིན་མའི་སྐུ།    །

གྲུབ་གཉིས་དངོས་གྲུབ་སྩོལ་མཛད་མ།    །

ཡིད་བཞིན་འཁོར་ལོས་རྗེས་གཟུང་མཛོད།    །

 

ཟླ་བ་དུང་དང་ཆུ་ཤེལ་གྱི།    །

འོད་ཀྱི་ཕུང་པོ་བྱེ་བས་ཀྱང་།    །

ཆ་ཙམ་བསྐྲུན་དུ་མ་མཆིས་པ།    །

སོ་སོར་རྟོགས་པའི་ཡེ་ཤེས་ཀྱི།    །

རང་རྩལ་ཚེ་དཔག་མེད་ལ་འདུད།    །

 

དེ་བཞིན་གཤེགས་པའི་གཙུག་ཏོར་ལས།    །

ཉེར་འཁྲུངས་འཆི་བདག་བདུད་ཚོགས་ཀུན།    །

རིག་སྔགས་ནུས་པས་བཅོམ་མཛད་མ།    །

རྣམ་པར་རྒྱལ་ལ་ཕྱག་འཚལ་བསྟོད།    །

 

འཆི་མེད་ཚེ་ལྷ་རྣམ་གསུམ་གྱི།    །

བསྙེན་སྒྲུབ་ལས་སྦྱོར་མཐར་ཕྱིན་པས།    །

འཆི་བདག་བདུད་ལས་རྣམ་པར་རྒྱལ།    །

ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ།    །

 

དངོས་གྲུབ་དམ་པས་བདག་རྒྱུད་ཕྱུག  །

སྣོད་བཅུད་འཆི་མེད་དགེ་མཚན་རྒྱས།    །

སྲིད་ཞིའི་དྭངས་བཅུད་འཕེལ་བ་དང་།    །

རྟག་པ་དམ་པའི་བཀྲ་ཤིས་ཤོག  །

 

ཅེས་པའང་རང་ལོ་སོ་གསུམ་པའི་ཚེ་ཡི་བར་ཆད་ཞི་ཕྱིར་དགོངས་གཏེར་འཕགས་མའི་བསྙེན་སྒྲུབ་མཐར་ཕྱིན་པའི་སྐབས།  རིག་འཛིན་ཀུན་བཟང་འོད་གསལ་སྙིང་པོ་རྩལ་གྱིས་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་མདུན་རོལ་གསང་སྔགས་ཕོ་བྲང་གི་ཡང་རྩེར་གསོལ་བ་བཏབ་པ་སིདྡྷི་རསྟུ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Three Deities of Long Life

This website uses cookies to collect anonymous usage statistics and enhance the user experience.
Decline
Accept