Khyenrab Chökyi Özer Long-Life Prayer—Tibetan
༄༅། །ལུང་རིགས་སྨྲ་བའི་དབང་པོ་མཁན་མཁྱེན་རབ་ཆོས་ཀྱི་འོད་ཟེར་ལ་ཞབས་བརྟན་བཀྲ་ཤིས་མེ་ཏོག་ཅེས་བྱ་བ་བཞུགས།
ན་མོ་མཉྫུ་ཤྲཱི་ཡེ།
མཁའ་ཁྱབ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །
བླ་མ་མཁྱེན་གཏེར་འཇམ་དཔལ་རྡོ་རྗེ་ཡི། །
ཕྱོགས་དུས་འགྲོ་བའི་མུན་པ་ཀུན་བསལ་ནས། །
བློ་མཆོག་སྤོབས་པའི་གཏེར་ཆེན་རྒྱས་པར་མཛོད། །
ལུང་རྟོགས་བཤད་སྒྲུབ་ཆོས་ཀྱི་དགའ་ཚལ་དུ། །
བློ༷་གྲོས༷་པདྨོ་རྒྱས་པའི་གཉེན་གཅིག་པུ། །
ལེག༷ས་བཤ༷ད་གསུང་རབ་སྨྲ་ལ་ཟླ་བྲལ་བ། །
མཁས་དབང་ཉིན་བྱེད་དབང་པོར་ཞབས་བརྟན་གསོལ། །
ཀུན་དགའི་རིང་ལུགས་རྒྱ༷་མཚོའི༷་མཐར་ཁྱབ་ཅིང་། །
བསྟན་པའི་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས། །
ཕྱོགས་ལས་རྣམ་རྒྱལ་བཟང་པོའི་མཛད་པ་ཡི། །
འཇམ་མགོན་བླ་མའི་བསྟན་པ་རྒྱས་མཛད་གསོལ། །
དེ་ལྟར་གསོལ་བ་བཏབ་པའི་བྱིན་བརླབས་ཀྱིས། །
བླ་མའི་སྐུ་ཚེ་ཡུན་དུ་བརྟན་པ་དང་། །
ཆོས་ཀྱི་ཕྲིན་ལས་ས་གསུམ་ཀུན་ཏུ་ཁྱབ། །
ཕན་བདེའི་དགའ་སྟོན་མི་ནུབ་དར་རྒྱས་ཤོག །
ཅེས་པའང་གང་གི་ཞལ་སློབ་རྣམས་ཀྱིས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨོན་ཚིག་ཏུ་བྲིས་པ་དགེ། །།