Swift Rebirth of Jamyang Khyenrab Tayé—Tibetan
༄༅། །འཇམ་དབྱངས་མཁྱེན་རབ་མཐའ་ཡས་མྱུར་བྱོན་གསོལ་འདེབས།
འཇམ་དབྱངས་བླ་མ་དགྱེས་པའི་གཟི་འོད་ལས། །
མཁྱེན་རབ་འོད་སྣང་མཐའ་ཡས་ས་གསུམ་བརྡལ། །
གཞན་ཕན་བྱམས་དང་བརྩེ་བའི་རང་གཟུགས་མཆོག །
བཤེས་གཉེན་སྨྲ་བའི་དབང་པོ་གསོལ་བ་འདེབས། །
ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན། །
དེར་འཛིན་བྱེད་པར་ཟླ་མེད་པའི། །
ངེས་པ་དོན་གྱི་མཁས་པ་ཆེ། །
མཁྱེན༷་རབ༷་མཐའ༷་ཡས༷་གསོལ་བ་འདེབས། །
ཀྱེ་མ་མགོན་པོ་མཁྱེན་རབ་ཉི་མ་དེ། །
དབྱིངས་སུ་མནལ་བས་མུན་པ་ལྟར་གྱུར་ཅིང་། །
མི་ཤེས་བླུན་པོའི་མུན་ཆེན་འཁྲིགས་པ་ལ། །
མགོན་པོའི་ཡེ་ཤེས་སྣང་བ་རྒྱས་པར་མཛོད། །
གང་དུ་གཤེགས་ཀྱང་བདེ་མཆོག་བདེ་བ་ཆེའི། །
རང་དོན་ཞི་བའི་ཕ་མཐར་མི་གཞོལ་པ། །
ཕྱོགས་བཅུ་རྣམས་སུ་སྤྲུལ་པ་མཐའ་ཡས་པས། །
བསྟན་འགྲོའི་དོན་ཆེན་མཐའ་ཡས་བསྒྲུབ་ཏུ་གསོལ། །
བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །
མགོན་པོ་མཆོག་གི་ཐུགས་རྗེས་མི་གཏོང་ཞིང་། །
ངེས་འབྱུང་ཚུལ་ཁྲིམས་བྱང་ཆུབ་སེམས་མཆོག་དང་། །
ཡང་དག་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །
ཅེས་པ་འདིའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེའོ། མངྒ་ལཾ་ཤུ་བྷཾ།། །།