The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

How to Recite the Amitāyus Dhāraṇīsūtra—Tibetan

English | Français | བོད་ཡིག

༄༅། །ཚེ་དཔག་མེད་ཀྱི་གཟུངས་མདོ་བཀླག་ཐབས་བཞུགས།

 

གུ་རུ་ཨ་པཱ་རི་མི་ཏ་ཡེ། །

ཚེ་དཔག་མེད་ཀྱི་གཟུངས་མདོ་བཀླག་པར་འདོད་པས་སྐྱབས་འགྲོ་དང་སེམས་བསྐྱེད་རྒྱས་བསྡུས་ཅི་རིགས་སྔོན་དུ་བཏང་ནས།

ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས།

ཨོཾ་སྭ་བྷཱ་ཝ་ཤུ་དྡྷཱཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་ཧཾ།

སྟོང་པའི་ངང་ལས་སྐད་ཅིག་གིས། །

གནས་ཡུལ་བདེ་བ་ཅན་གྱི་ཞིང་། །

པདྨ་ཟླ་བའི་གདན་སྟེང་དུ། །

རང་ཉིད་ཧྲཱིཿལས་ཚེ་དཔག་མེད། །

དམར་པོ་ཞལ་གཅིག་ཕྱག་གཉིས་པ། །

མཉམ་བཞག་ཚེ་ཡི་བུམ་པ་བསྣམས། །

དར་དང་རིན་ཆེན་རྒྱན་གྱིས་མཛེས། །

ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །

གནས་གསུམ་ཨོཾ་ཨཱཿ་ཧཱུྃ་གིས་མཚན། །

ཐུགས་ཀར་ཟླ་སྟེང་ཧྲཱིཿདམར་མཐར། །

གཟུངས་ཀྱི་སྔགས་ཀྱི་ཕྲེང་བས་བསྐོར། །

དེ་ལས་སྔགས་ཕྲེང་སྒྲར་བཅས་འཕྲོས། །

བདག་གཞན་ལས་ཉོན་སྒྲིབ་པ་སྦྱངས། །

འཁོར་འདས་ཚེ་བཅུད་དྭངས་མ་རྣམས། །

ཐུགས་ཀའི་སྔགས་ཀྱི་ཕྲེང་བ་དང་། །

ཕྱག་གི་ཚེ་ཡི་བུམ་པར་བསྟིམ། །

འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱུན། །

བབས་པས་རང་གཞན་ལུས་ཁེངས་ཤིང་། །

ཚེ་བསོད་ཡེ་ཤེས་རྒྱས་པར་གྱུར། །

ཅེས་བརྗོད་ཅིང་། བསྒྲུབ་བྱ་དམིགས་བསལ་ཡོད་ན་རྒྱན་ཆས་ཕུན་སུམ་ཚོགས་པས་མདུན་དུ་འཁོད་པ་གསལ།

གོང་གི་དམིགས་པ་དང་བཅས་མདོ་གཟུངས་ཅི་ནུས་བཀླགས་མཐར། ཚེ་གཟུངས་རྐྱང་པའང་ཅི་ནུས་བཟླ་ཡིག་བརྒྱ་ལན་གསུམ་བཟླས་མཐར།

བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩལ་དུ་གསོལ།

ཞེས་བརྗོད་ཅིང་།

གདན་པད་ཟླ་འོད་དུ་ཞུ་ནས་རང་ལ་ཐིམ།

རང་གི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར་པར་མོས་ལ། །

 

དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །

ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །

ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །

ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །

སོགས་བསྔོ་སྨོན་དང་།

སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །

མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟོགས་ཏེ། །

སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །

སྦྱིན་པ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །

 

ཚུལ་ཁྲིམས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །

མི་ཡི་སེང་གེ་ཚུལ་ཁྲིམས་སྟོབས་རྟོགས་ཏེ། །

སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །

ཚུལ་ཁྲིམས་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །

 

བཟོད་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །

མི་ཡི་སེང་གེ་བཟོད་པའི་སྟོབས་རྟོགས་ཏེ། །

སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །

བཟོད་པ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །

 

བརྩོན་འགྲུས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །

མི་ཡི་སེང་གེ་ཚུལ་ཁྲིམས་སྟོབས་རྟོགས་ཏེ། །

སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །

བརྩོན་འགྲུས་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །

 

བསམ་གཏན་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །

མི་ཡི་སེང་གེ་བསམ་གཏན་སྟོབས་རྟོགས་ཏེ། །

སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །

བསམ་གཏན་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །

 

ཤེས་རབ་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །

མི་ཡི་སེང་གེ་ཤེས་རབ་སྟོབས་རྟོགས་ཏེ། །

སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །

ཤེས་རབ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །

ཅེས་ཤིས་བརྗོད་བྱའོ། །

 

ཞེས་པའང་ཉེར་མཁོའི་སླད་དུ་ཆོས་ཀྱི་བློ་གྲོས་པས་སོ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Amitāyus, Boundless Life

This website uses cookies to collect anonymous usage statistics and enhance the user experience.
Decline
Accept