The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Guru Loden Chokse—Tibetan

English | བོད་ཡིག

༄༅། །ཤེས་རབ་བློ་འཕེལ་ཟབ་རྒྱ་ཅན་བཞུགས་སོ། །

 

རང་རིག་ཨོ་རྒྱན་རྗེ་ལ་འདུད། །
མཁྱེན་གཉིས་ཡེ་ཤེས་རྒྱས་འདོད་པས། །
གུ་རུ་བློ་ལྡན་མཆོག་སྲེད་བསྒྲུབ། །
བདེ་བའི་བསྟན་ལ་བག་ཕེབས་ཏེ། །

ཨཿ རང་རིག་འཇམ་དཔལ་དཔའ་བོ་ལ། །

མི་ཕྱེད་གུས་པས་སྐྱབས་སུ་མཆི། །

རྨོངས་པའི་མུན་པ་སེལ་བའི་ཕྱིར། །

བློ་ལྡན་མཆོག་སྲེད་བསྒྲུབ་པར་བྱ། །

 

དྷཱིཿ སྟོང་པ་ཉིད་དང་སྙིང་རྗེ་ཆེ། །

ཟུང་འཇུག་རིག་རྩལ་དྷཱིཿསེར་པོ། །

འོད་འཕྲོས་འཕགས་མཆོད་སྒྲིབ་གཉིས་བྱང༌། །

ཚུར་འདུས་པད་ཉི་ཟླ་བའི་སྟེང༌། །

དྷཱིཿཡིག་ཡོངས་གྱུར་སྐད་ཅིག་གིས། །

གུ་རུ་བློ་ལྡན་མཆོག་སྲེད་དཀར། །

ཌཱ་རུ་གཡས་ལ་པད་ཕོར་གཡོན། །

གསང་གོས་དར་བེར་རྒྱལ་པོའི་ཆས། །

གཞོན་ཚུལ་གཟི་བརྗིད་ལྡན་པའི་གཡོན། །

དབྱངས་ཅན་དཀར་མོ་ལྷ་མོའི་ཆས། །

ཕྱག་གཉིས་པི་ཝཾ་སྒྲེངས་བས་བརྟེན། །

ཐུགས་ཀར་རྗེ་བཙུན་འཇམ་པའི་དབྱངས། །

དམར་སེར་རལ་གྲི་གླེགས་བམ་ནི། །

ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཡིས། །

ཨུཏྤལ་སྡོང་བུ་འཛིན་སྟེང་མཛེས། །

ཐུགས་ཀར་འོད་ལྔའི་གོང་བུའི་ཀློང༌། །

དྷཱིཿདང་ཡུམ་ཐུགས་ཧྲཱིཾཿགསལ་བཏབ། །

གནས་གསུམ་འབྲུ་གསུམ་གསལ་བ་དང༌། །

འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། །

ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །

དྷཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །

གུ་རུ་བློ་ལྡན་མཆོག་སྲེད་རྩལ། །

རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས། །

མོས་པའི་བུ་ལ་བྱིན་གྱིས་རློབས། །

ཨོཾ་ཨཱཿམ་ཧཱ་གུ་རུ་དྷཱིཿམཱུྃ་ཧྲཱིཾཿཔྲཉྫ་ཛྙཱ་ན་ཨ་བེ་ཤ་ཡ་ཨཿ  ཛཿཧཱུྃ་བྃ་ཧོཿ  ཨ་ཏི་པཱུ་ཧོཿ  ན་མ་ཡ་དྷཱིཿ

ཧཱུྃ། དངོས་འབྱོར་ཡིད་ལས་བྱུང་བ་ཡི། །

ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །

དཔག་ཡས་ནམ་མཁའི་རྒྱན་གྱུར་ཏེ། །

འཇམ་དབྱངས་བླ་མར་མཆོད་པར་བགྱི། །

ཨོཾ་སརྦ་པཱུ་ཛ་ས་མ་ཡ་ཧོཿ

ཨཱཿ ཇི་སྙེད་བརྗོད་པ་ཀུན་གྱི་གཞི། །

ཡེ་ཤེས་སྐུ་སྟེ་སྐུ་ཡི་མཆོག །

གསུང་གི་དབང་ཕྱུག་སྨྲ་བའི་སེང༌། །

རིག་འཛིན་བླ་མར་ཕྱག་འཚལ་བསྟོད། །

བཟླས་པ་ནི།

ཡེ་ཤེས་སེམས་དཔའི་ཐུགས་ཀ་ཡི། །

ཐུགས་སྲོག་སྔགས་ལས་འོད་ཟེར་འཕྲོས། །

རྒྱལ་མཆོད་མཁྱེན་གཉིས་ཡེ་ཤེས་བསྡུས། །

བདག་ཐིམ་བྱིན་རླབས་དངོས་གྲུབ་ཐོབ། །

སླར་ཡང་འོད་འཕྲོས་བརྟན་གཡོ་ཡི། །

དྭངས་བཅུད་ཐམས་ཅད་བདག་ལ་ཐིམ། །

སྣོད་བཅུད་འཇམ་དཔལ་ཡབ་ཡུམ་དང༌། །

རིག་འཛིན་བླ་མའི་སྐུར་གསལ་བ། །

ཐམས་ཅད་སྔགས་ཀྱི་རང་སྒྲ་སྒྲོག །

མཉམ་རྫོགས་ཆེན་པོར་ལྷུན་གྱིས་གྲུབ། །

ཅེས་བསམ་ལ།

ཨོཾ་ཨཱཿམ་ཧཱ་གུ་རུ་དྷཱིཿམཱུྃ་ཧྲཱིཾཿཔྲཉྫ་ཛྙཱ་ན་ཨ་ར་པ་ཙ་ན་དྷཱིཿ ཧཱུྃ་སྭཱ་ཧཱ།

རྩེ་གཅིག་ཏིང་འཛིན་བརྟན་པས་བཟླ། 
ཐུན་མཐར་དབྱངས་གསལ་རྟེན་སྙིང་གིས། 
བྱིན་རླབས་ནུས་པ་བརྟན་པར་བྱ།

བསྡུ་རིམ་ནི།

ལྷར་སྣང་འོད་གསལ་ངང་དུ་ཐིམ། །

ཟབ་ཞི་སྤྲོས་བྲལ་ཀློང་དུ་ཨཱཿ

སླར་ཡང་སྣང་གྲགས་རྟོག་ཚོགས་རྣམས། །

རིག་འཛིན་བླ་མའི་རོལ་པར་ཤར། །

ཨོཾ་ཨཱཿཧཱུྃ།

 

དགེ་བ་འདི་ཡིས༴ སོགས་ཀྱི་དགེ་བསྔོ་བྱའོ།

འདི་ཡང་རྟེན་འབྱུང་དགེ་བ་ཡི། །
རྔ་སྒྲས་ཉེ་བར་བསྐུལ་བ་ན། །
རིག་ཁམས་མཚོ་ལས་གདེངས་ཅན་གྱིས། །
བློ་མཆོག་ནོར་བུའི་གཏེར་འདི་ཕྱུངས། །

དགེ་བས་བདག་སོགས་སེམས་ཅན་ཀུན། །
མཁྱེན་རབ་བློ་ལྡན་མཆོག་སྲེད་ཀྱིས། །
འགྲོ་ཀུན་རྗེས་སུ་གཟུང་བ་དང༌། །
བློ་མཆོག་སྣང་བ་རྒྱས་པར་ཤོག །

 

མེ་བྱ་སྤྲེལ་ཟླའི་ཚེས ༡༦ བླ་མ་གསང་འདུས་ཚོགས་མཆོད་སྐབས་སྤྲུལ་ཆུང་བསོད་རྒྱལ་གྱི་རྟེན་བཅས་གསུང་བསྐུལ་ངོར་པདྨ་ཡེ་ཤེས་རྡོ་རྗེས་བྲིས་ལ་ཤུ་བྷཾ། །

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Guru Loden Chokse

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept