Gangtok Nāgas Offering—Tibetan
༄༅། །སྒང་ཐོག་གི་ཀླུ་མཆོད་བཞུགས་སོ།
རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ།
མཆོད་གཏོར་གྱི་འབག་བཙོག་དྲི་མ་ཐམས་ཅད་སེལ།
རང་རང་གི་མཐུན་རྫས་ཟད་མི་ཤེས་པར་གྱུར།
ཀྱཻ། རྒྱ་མཚོ་ཆེན་པོའི་གཏིང་ཤེད་ན། །
ཕོ་བྲང་གཞལ་མེད་ཉམས་དགའ་བར། །
ཀླུ་ཡི་རྒྱལ་པོ་དུང་སྐྱོང་ནི། །
སྐུ་མདོག་དཀར་ལ་འོད་ཟེར་འབར། །
སྐུ་སྟོད་ལྷ་རྫས་རིན་ཆེན་བརྒྱན། །
སྐུ་སྨད་སྦྲུལ་མཇུག་རྒྱ་མཚོར་རོལ། །
ཕྱག་གཉིས་ནོར་བུ་འོད་འབར་བསྣམས། །
སྦྲུལ་མགོའི་གདེངས་ཀ་བདུན་གྱིས་མཛེས། །
གཡོན་དུ་གཙུག་ན་འོད་འབར་སྔོ། །
ཆ་ལུགས་ཡབ་འདྲ་གཏེར་བུམ་བསྣམས། །
འཁོར་དུ་ཀླུ་གཉན་ས་བདག་བསྐོར། །
འདིར་གཤེགས་རྟེན་ལ་བཞུགས་སུ་གསོལ། །
ཁྱེད་ལ་དགྱེས་པའི་མཆོད་པ་ནི། །
ཀླུ་སྨན་ཀླུ་ནོར་ཉེར་གཅིག་དང་། །
སྤྱན་གཟིགས་དཀོར་ཆ་སྣ་ཚོགས་དང་། །
དཀར་མངར་འོ་ཆབ་ཉེར་སྤྱོད་སོགས། །
དར་ཟབ་རིན་ཆེན་ལྗོན་ཤིང་བཟང་། །
ཁྲུས་རྫིང་སྐྱེད་ཚལ་ལ་སོགས་པ། །
འདོད་ཡོན་མཁོ་དགུའི་མཆོད་པ་དང་། །
ཁྱད་པར་སྔགས་དང་ཏིང་འཛིན་གྱིས། །
སྤྲུལ་པའི་ནོར་བུ་བསམ་འཕེལ་སོགས། །
འདོད་རྒུ་འབྱུང་བའི་རྟེན་དུ་འབུལ། །
བདག་ཅག་འཁོར་དང་བཅས་པ་ཡི། །
བྱ་བ་སྤྱོད་པ་ཉེས་པ་ལས། །
ཕོག་ཐུག་འགྲམ་འཁྲུགས་གྱུར་པ་བཤགས། །
བདེ་གཤེགས་ཀླུ་དབང་རྒྱལ་པོ་ཡིས། །
ཁྱེད་ལ་རྟག་ཏུ་སྲུངས་སྐྱོབས་མཛོད། །
ནད་དང་གནོད་པ་ཞི་གྱུར་ཅིག །
པདྨ་འབྱུང་གནས་བཀའ་བཞིན་དུ། །
སྦས་གནས་སྣོད་བཅུད་སྲུངས་སྐྱོབས་དང་། །
ཞི་དང་བཀྲ་ཤིས་བདེ་ལེགས་ཤིང་། །
དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །
བསྟན་དང་བསྟན་འཛིན་སྦྱིན་བདག་བཅས། །
དགེ་ལེགས་དཔལ་ཡོན་འཕེལ་བར་ཤོག །
ཅེས་པའང་ཟླ་༢ཚེས་༢༢སྤ་སངས་ནམ་གྲུའི་འགྲུབ་སྦྱོར་ལ་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།། །།