The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Fifteenth Karmapa Guru Yoga—Tibetan

English | བོད་ཡིག

༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་མཆོག་གཏེར།

 

ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ།  །

སྐལ་བཟང་གང་ཞིག་གིས་ལྷན་སྐྱེས་ཡེ་ཤེས་སྙིང་ལ་འཆར་བར་འདོད་པས་ལམ་ཟབ་མོ་འདི་ལ་བརྩོན་པར་བྱ་སྟེ།  བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་རླུང་རོ་བསལ་ཞིང་ངེས་འབྱུང་གི་རྒྱུད་སྦྱོངས་ནས་སྐྱབས་ཡུལ་ཀུན་འདུས་ཡིད་བཞིན་ནོར་བུ་བླ་མ་གསལ་བཏབ་ལ།

བདག་སོགས་འགྲོ་བ་སེམས་ཅན་རྣམས།  །

བླ་མ་མཆོག་ལ་སྐྱབས་སུ་མཆི།  །

འགྲོ་རྣམས་བདེ་ལྡན་སྡུག་བསྔལ་གཞོམ།  །

སངས་རྒྱས་ས་ལ་འགོད་པར་བགྱི།  །

ལན་གསུམ།

ཚོགས་རྟེན་གསལ་གདབ་པ་ནི།

ཨཿ རང་གི་མདུན་མཁར་འོད་ལྔའི་ཀློང་།  །

སེང་ཁྲི་པད་དཀར་ཟླ་བའི་སྟེང་།  །

རྩ་བའི་བླ་མ་རྡོ་རྗེ་འཆང་།  །

དཔལ་ལྡན་སངས་རྒྱས་ཀརྨ་པ།  །

མཁ༵འ་ཁྱབ༵་རྟག་པའི་རྡོ༵་རྗེ༵་ནི།  །

སུམ་ལྡན་རྡོ་རྗེ་འཛིན་པ་ཆེ།  །

དཀར་གསལ་གཞོན་ཚུལ་ཞི་འཛུམ་ལྡན།  །

དབུ་ལ་ཞྭ་ནག་གསེར་མདངས་གསོལ།  །

རབ་བྱུང་ཆས་ལྡན་ཟབ་བེར་ལྷུབས།  །

ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ།  །

ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས།  །

མཚན་དཔེའི་གཟི་བརྗིད་འབར་བ་ཡི།  །

 

སྤྱི་བོར་པད་ཟླའི་གདན་སྟེང་དུ།  །

ཁྱབ་བདག་དང་པོའི་སངས་རྒྱས་ནི།  །

བློ་གྲོས་མཐའ་ཡས་བསྒྲེས་ཚུལ་ལྡན།  །

པཎ་ཞུ་ཆོས་གོས་རྣམ་གསུམ་གསོལ།  །

ཕྱག་གཡས་ཆོས་འཆད་གཡོན་ཚེ་བུམ།  །

ཨུཏྤལ་རྒྱས་སྟེང་གླེགས་རལ་དང་།  །

རྡོ་རྗེ་དྲིལ་བུས་མཚན་པར་གསལ།  །

 

གཡས་ཕྱོགས་དར་ཟབ་འབོལ་བརྩེགས་སྟེང་།  །

འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་།  །

ཁྲོ་འཛུམ་པཎ་ཞུ་རབ་བྱུང་ཆས།  །

རྡོར་དྲིལ་བསྣམས་ཤིང་འགྱིང་པའི་ཚུལ།  །

 

གཡོན་དུ་ཟབ་འབོལ་སྟག་གི་གདན།  །

གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་།  །

ཞི་མ་ཁྲོ་ཡི་ཉམས་དང་ལྡན།  །

ཕྱག་གཡས་ཆོས་འཆད་ཀླུ་ཤིང་རྩེར།  །

རལ་གྲི་གླེགས་བམ་གྱིས་མཚན་ཤིང་།  །

གཡོན་པས་མཉམ་བཞག་གཏེར་སྒྲོམ་བསྣམས།  །

གསང་གོས་ཕོད་ཁ་ཤམ་ཐབས་དང་།  །

བླ་གོས་དམར་པོ་བེར་ཕྱམ་གསོལ།  །

ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས།  །

 

ཀུན་གྱི་གནས་གསུམ་ཡིག་འབྲུ་གསུམ།  །

དེ་ལས་འོད་ཟེར་རབ་འཕྲོས་པས།  །

ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ།  །

སྐྱབས་ཀུན་འདུས་པའི་ངོ་བོར་གྱུར།  །

ཞེས་གསལ་བཏབ་ལ།

ཡན་ལག་བདུན་པ་འབུལ་བ་ནི།

སྐྱབས་ཀུན་འདུས་པ་བླ་མའི་ཚོགས་རྣམས་ལ།  །

སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།  །

རང་ལུས་ལོངས་སྤྱོད་དགེ་ཚོགས་བཅས་པ་རྣམས།  །

ཕྱི་ནང་གསང་བའི་མཆོད་པ་དམ་པས་མཆོད།  །

ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི།  །

སྡིག་ལྟུང་ཉེས་པའི་ཚོགས་རྣམས་མཐོལ་ལོ་བཤགས།  །

འཕགས་དང་སོ་སྐྱེའི་དགེ་ཚོགས་ཐམས་ཅད་ལ།  །

ཕྲག་དོག་མེད་པར་སྙིང་ནས་རྗེས་ཡི་རངས།  །

ཁམས་དབང་བསམ་པའི་རིམ་པ་ཇི་སྙེད་པ།  །

གདུལ་བྱའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ།  །

གཟུགས་སྐུ་མྱ་ངན་འདའ་བར་བཞེད་པ་རྣམས།  །

འགྲོ་བའི་མགོན་དུ་རྟག་པར་བཞུགས་གསོལ་འདེབས།  །

དུས་གསུམ་བསགས་པའི་དགེ་ཚོགས་ཅི་མཆིས་པ།  །

རྣམ་གྲོལ་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ།  །

ཁམས་གསུམ་རིགས་དྲུག་སེམས་ཅན་མ་ལུས་པ།  །

ཕྱམ་གཅིག་སྐུ་བཞིའི་གོ་འཕང་ཐོབ་པར་ཤོག  །

ཅེས་ལན་གསུམ།  སྤྲོ་ན་མཎྜལ་འབུལ།

གསོལ་བ་འདེབས་པ་ནི།

རྒྱལ་ཀུན་འདུས་པའི་སྤྱི་གཟུགས་སྤྱན་རས་གཟིགས།  །

རང་བྱུང་མཁའ་ཁྱབ་རྟག་པའི་རྡོ་རྗེ་ལ།  །

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།  །

ཐུགས་རྒྱུད་དགོངས་པ་མངོན་སུམ་འཕོ་བར་ཤོག  །

 

བཀའ་གཏེར་མཛོད་ལྔའི་ཤིང་རྟ་ཆོས་ཀྱི་རྗེ།  །

པདྨ་གར་དབང་བློ་གྲོས་མཐའ་ཡས་ལ།  །

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།  །

རྟོགས་པས་བདག་རྒྱུད་གྲོལ་བའི་དངོས་གྲུབ་སྩོལ།  །

 

མཁྱེན་སྟོབས་དབང་བཅུའི་མངའ་བདག་ཆོས་ཀྱི་རྗེ།  །

བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་ཞབས།  །

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།  །

ཐུགས་རྗེས་གཞན་རྒྱུད་སྨིན་པའི་ནུས་ཐོབ་ཤོག  །

 

པདྨའི་ཟབ་གཏེར་རྒྱ་མཚོའི་འཁོར་ལོས་བསྒྱུར།  །

ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ལ།  །

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།  །

གདུལ་དཀའི་འགྲོ་བ་འདུལ་བའི་སྟོབས་ལྡན་ཤོག  །

ཅེས་ལན་མང་དུ་བྱ།  མཚན་སྔགས།  ཀརྨ་པ་མཁྱེན་ནོ།  །དང་སྤྱི་དྲིལ་དུ་བཟླ་བར་སྤྲོ་ན།

ཨོཾ་ཨཱཿབཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ།

ཞེས་པའང་ཅི་ནུས་དང་།

དབང་བླང་བའི་དམིགས་པ་དང་སྦྲགས་འབྲུ་གསུམ་རྡོར་བཟླས་དང་ངག་བཟླས་ཅི་རིགས་བྱ།  ཐུན་མཐར་དབང་བླང་བ་ནི།

སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ལ།  །

སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས།  །

དབང་བཞི་བསྐུར་ཞིང་གསང་གསུམ་བྱིན་རླབས་རྣམས།  །

ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ།  །

མཐའ་བསྐོར་བཞུགས་པའི་བླ་མ་རྣམས།  །

འོད་ཞུ་རྩ་བའི་བླ་མར་ཐིམ།  །

སྐྱབས་ཀུན་འདུས་པའི་བདག་ཉིད་དུ།  །

བྱིན་བརླབས་གཟི་བརྗིད་དཔལ་དུ་འབར།  །

བླ་མའི་གནས་གསུམ་འབྲུ་གསུམ་ལས།  །

འོད་ཟེར་དཀར་དམར་མཐིང་གསུམ་ནི།  །

བདུད་རྩིའི་རྒྱུན་དང་འབྲུ་གསུམ་གཟུངས།  །

རིམ་དང་ཅིག་ཆར་ཐིམ་པ་ཡིས།  །

དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག  །

ལམ་བཞི་སྒོམ་པར་དབང་བྱས་ནས།  །

རིག་འཛིན་རྣམ་བཞིའི་འབྲས་ཐོབ་ཅིང་།  །

སྐུ་བཞིའི་ས་བོན་ཐེབས་པར་གྱུར།  །

མཐར་ནི་བླ་མ་དགྱེས་པ་ཆེས།  །

འོད་དུ་ཞུ་ནས་རང་ལ་ཐིམ།  །

རང་རིག་གཉུག་མ་ཕྱག་རྒྱ་ཆེ།  །

བསམ་བརྗོད་བློ་འདས་ངང་དུ་བཞག  །

ཞེས་ཐུགས་ཡིད་བསྲེ་ལ་ལྟ་བའི་ངང་བསྐྱངས།

ཐུན་ལས་ལྡང་བ་ན།

དགེ་འདིས་མཐའ་ཡས་སེམས་ཅན་ཀུན།  །

བླ་མའི་ལམ་གྱིས་གྲོལ་བ་དང་།  །

སྐྱེ་ཀུན་མགོན་པོས་རྗེས་བཟུང་ནས།  །

དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག  །

ཅེས་དགེ་བསྔོ་དང་།  ཅིར་སྣང་ཅི་ཤར་ཐམས་ཅད་བླ་མའི་ལམ་ཁྱེར་དང་མ་བྲལ་བར་བྱའོ།  །

 

ཅེས་པའང་གླ་བོ་མཆོག་སྤྲུལ་རིན་ཆེན་པདྨ་ནོར་བུས་ལྷ་རྫས་ཀྱི་སྐྱེས་དང་བཅས་གསུང་ཕེབ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་འབྲེལ་ཚད་ཐམས་ཅད་ལ་དཔལ་ལྡན་བླ་མའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག  །སརྦ་དཱ་མངྒ་ལཾ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

The Fifteenth Karmapa, Khakhyab Dorje

Further information:

BDRC Author Profiles: P733 P563 P564 P258 P264

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept