Lama Yangtik Dedicatory Colophon Verses—Tibetan
༄༅། །བླ་མ་ཡང་ཏིག་གི་སྤར་བྱང་།
ཨོཾ་སྭསྟི།
བསྐལ་པ་བཟང་པོའི་མཚན་གྱིས་རབ་བརྗིད་པའི། །
རྣམ་འདྲེན་སྟོང་གི་བསྟན་པ་རིན་པོ་ཆེའི། །
རབ་ཏུ་སྣང་བའི་འོད་ཀྱིས་ཀུན་ཏུ་ཁྱབ། །
དེ་ལས་ཁྱད་འཕགས་བསྟན་པ་རྣམ་གསུམ་བྱོན། ༡།
སྲིད་པ་མང་པོར་མཚན་ཙམ་ཐོས་དཀའ་ཞིང་། །
ཐོས་པས་རྣམ་གྲོལ་བྱང་ཆུབ་བདེ་བླག་ཐོབ། །
འདྲེན་པ་མཚུངས་མེད་ཐུབ་མཆོག་ཉི་མའི་གཉེན། །
གང་གི་དྲིན་གྱིས་ངེས་གསང་ཐེག་པ་སྣང་། ༢།
རྡོ་རྗེ་སེམས་དཔའ་དགའ་རབ་དཔའ་བོ་ཞེས། །
རིག་འཛིན་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེས། །
སར་གནས་སེམས་དཔའ་རྣམས་ལ་བརྡ་བརྒྱུད་ནས། །
ལྔ་བརྒྱའི་གཙུག་རྒྱན་བི་མའི་མཁྱེན་མཚོར་བབས། ༣།
ཆོས་རྒྱལ་ཚངས་པ་ཉང་བན་ཆེན་པོ་སོགས། །
གཟུངས་སྤྲིན་ཏིང་འཛིན་རྒྱ་མཚོར་དབང་བསྒྱུར་ཚོགས། །
རིམ་པར་བརྒྱུད་པའི་འོད་གསལ་ནོར་བུའི་སྒྲོམ། །
དྲི་མེད་འོད་ཟེར་མིག་སྟོང་ལྡན་པས་བླངས། ༤།
རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་བཅུད། །
སྙིང་པོའི་སྙིང་པོར་དྲིལ་ཏེ་ཀུན་ཏུ་བཟང་། །
མངོན་སུམ་ལག་པའི་མཐིལ་ནང་བཀྲམ་པ་དང་། །
མཚུངས་པའི་བླ་མ་ཡང་ཏིག་ཡིད་བཞིན་ནོར། ༥།
མན་ངག་ཆོས་སྡེ་ལྔ་བཅུ་རྩ་དྲུག་གི །
སྨིན་གྲོལ་གདམས་པ་ཚུལ་བཞིན་ནོས་པ་དང་། །
མི་འཕྲོག་དད་དང་དམ་ཚིག་བརྟན་པོ་ཡི། །
ཉམས་སུ་བླངས་ཚད་འཁོར་བར་ཕྱིར་མི་ལྡོག ༦།
དེ་ཕྱིར་ངོ་མཚར་ཆོས་སྦྱིན་འཕྲུལ་གྱི་སྤར། །
གཅིག་ལས་བརྒྱ་ཕྲག་མང་པོ་འཕེལ་བ་དང་། །
དཔེ་ཡི་ཕོངས་པ་མེད་པའི་ཆོས་སྦྱིན་འདི། །
ཀུན་མཁྱེན་རྒྱལ་བའི་བསྟན་པའི་སྦྱིན་བདག་ཆེ། ༧།
སྤོམས་མདའ་སྐུ་ངོ་སྟངས་དཔྱལ་ཟུང་གིས་བསྐྲུན། །
དགེ་བས་སྐུ་གཤེགས་བསོད་ནམས་བདེ་སྐྱིད་གཙོས། །
མཁའ་མཉམ་འགྲོ་བའི་བྱས་བསགས་སྡིག་སྒྲིབ་ཞི། །
སྐྱེ་དང་སྐྱེ་བར་ཐེག་མཆོག་ཆོས་ལ་སྤྱོད། ༨།
འོད་གསལ་རྡོ་རྗེ་སྙིང་པོའི་རིགས་སད་ཅིང་། །
དམ་པ་ཉིན་བྱེད་མགོན་གྱིས་རྗེས་བཟུང་ནས། །
དགོངས་པའི་རྩལ་རྫོགས་སྐུ་གསུམ་མངོན་དུ་གྱུར། །
ཁམས་གསུམ་མ་ལུས་རྣམ་གྲོལ་སར་འགོད་ཤོག ༩།
ཆོས་ཚུལ་འདི་ཡང་མི་ནུབ་དར་ཞིང་རྒྱས། །
ཕྲིན་ལས་འཛད་མེད་འཛིན་མའི་ཁྱོན་ཀུན་ཁྱབ། །
གདོད་མའི་གྲོལ་སར་གཤེགས་པས་རི་སུལ་ཁེངས། །
སྙིང་པོའི་བསྟན་པ་དར་ཞིང་རྒྱས་པར་ཤོག ༡༠།
ཅེས་པའང་སྦྱིན་བདག་ཆེན་པོ་ནས་སྙིང་ཐིག་སྐོར་རྣམས་ཀྱི་སྤར་གསར་གྱི་གླེགས་བམ་གནང་སྦྱིན་དུ་སྩལ་བ་དང་། སྤར་བྱང་བྲིས་ཤིག་ཅེས་ལྷ་རྫས་བཅས་གསུང་བསྐུལ་ངོར། མཁྱེན་བརྩེའི་དབང་པོའི་སྤྲུལ་པའི་ཆ་ཤས་སུ་མིང་གི་དབང་བསྐུར་ཐོབ་པ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས། ས་ཕག་ཟླ་དང་པོའི་དམར་ཕྱོགས་ཀྱི་རྫོགས་པ་ལྔ་པར་འབྲས་ལྗོངས་སྒང་ཐོག་གི་གཙུག་ལག་ཁང་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།