The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Daily Chimé Pakmé Nyingtik Commentary—Tibetan

English | Français | བོད་ཡིག

༄༅། །འཆི་མེད་འཕགས་མའི་སྙིང་ཐིག་གི་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་དང་འབྲེལ་བའི་བསྐྱེད་རྫོགས་ཀྱི་ཁྲིད་མདོར་བསྡུས་འཆི་མེད་གྲུབ་པའི་ཟིལ་དངར།

ན་མོ་གུ་རུ་ཨཱརྱ་ཏཱ་རེ་ཡེ། །འཕགས་མ་གང་ཞིག་ཡིད་ལ་དྲན་ཙམ་གྱིས། །ཕུན་ཚོགས་ཚེ་ཡི་དངོས་གྲུབ་སྩོལ་མཛད་མ། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་དང་། །བླ་མ་ཐ་མི་དད་པས་ཤིས་པ་སྩོལ། །དེ་ཡི་སྒྲུབ་ཐབས་ཨོ་རྒྱན་སློབ་དཔོན་ཆེའི། །ཞལ་ལུང་འོད་གསལ་སྤྲུལ་པའི་རྡོ་རྗེ་ཡི། །དགོངས་མཛོད་ཟབ་མོའི་ཀློང་སྒྲོམ་སྨུག་པོ་ནས། །བྱོན་པའི་འཕགས་མའི་ཐུགས་ཏིག་ཁྲིད་རིམ་དབྱེ། །དེ་ལ་འདིར་འཆི་མེད་སྒྲོལ་མ་དཀར་མོ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ལ་གྲུབ་པའི་སློབ་དཔོན་རྣམས་ཀྱི་བཀའ་སྲོལ་བཀའ་གཏེར་ཇི་སྙེད་ཅིག་བཞུགས་པ་ལས་འདིར་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་བཅུད་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་མོ་དགོངས་གཏེར་གྱི་ཆོས་སྡེ་འཆི་མེད་འཕགས་མའི་ཐུགས་ཏིག་ལ་ཆོས་སྐོར་ཟབ་ཅིང་རྒྱ་ཆེ་བར་བཞུགས་པ་ལས་འདིར་ཕྲིན་ལས་ཡེ་ཤེས་སྣང་བའི་སྙིང་པོ་བཅུད་དྲིལ་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་དང་འབྲེལ་བའི་ཁྲིད་ཀྱི་རིམ་པ་འཆད་པ་ལ། སྔོན་འགྲོ་དང་། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་ཐུན་གྱི་སྔོན་འགྲོ་དང་ཁྲིད་ཀྱི་སྔོན་འགྲོའོ། །དང་པོ་ནི། རང་ཉིད་བདེ་བའི་སྟན་ལ་ལུས་གནད་རྣམ་སྣང་ཆོས་བདུན་ལྡན་དུ་བཅའ། ངག་གནད་རླུང་རྒྱུ་བ་རང་སོར་བཞག་སྣ་བུག་གཡས་གཡོན་དབུས་གསུམ་ནས་རླུང་རོ་ལན་དགུའམ་སུམ་ཕྲུགས་སུ་བསལ་བས་རླུང་དྭངས་སྙིགས་འབྱེད་དེ་ཅུང་ཞིག་ངལ་བསོ་བས་བསམ་གཏན་གྱི་སྣོད་རུང་དུ་བྱས་རྗེས། མདུན་གྱི་ནམ་མཁར་རྩ་བའི་བླ་མ་དང་དབྱེར་མེད་པའི་སངས་རྒྱས་འོད་དཔག་མེད་སྤྲུལ་སྐུའི་ཆ་བྱད་ཕྱག་གཉིས་མཉམ་བཞག་གི་སྟེང་འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ་པད་ཟླ་ལ་བཞུགས་པར་བསམ་ལ། །དཔལ་ལྡན་རྩ་བའི་བླ་མ་སོགས་དང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འཆི་མེད་ཡེ་ཤེས་ཀྱི་སྐུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་ལན་གསུམ་ཉུང་མཐར་བྱས་པ་བཏབ། མཐར་བླ་མ་འོད་དུ་ཞུ་རང་ལ་ཐིམ་པར་མོས་ལ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་འཇོག རྣམ་རྟོག་ཐོལ་གྱི་སྐྱེས་པ་ན་དེ་རྗེས་མི་གཅོད་པར་ཁྲིད་ཀྱི་དམིགས་པ་གང་རུང་ལ་འཇུག་པར་བྱ། འདི་ནི་འོག་ནས་འབྱུང་བའི་ཁྲིད་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་གཅེས་སོ། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་ཐུན་མོང་གི་སྔོན་འགྲོ་དང་། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི། ཟབ་ལུང་གི་གཏེར་བྱོན་སྒྲོལ་མའི་རྡོ་རྗེའི་ཚིག་རྐང་དུ། །དབེན་ཞིང་ཡིད་དང་མཐུན་པའི་སར༔ ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ཏེ༔ ཞེས་གསུངས་པ་ལྟར། དང་པོ་ཁོ་ནར་འཁོར་བ་ལས་ངེས་པར་འབྱུང་བའི་བློ་བསྐྱེད་པའི་ཐབས་ལ་རང་རེ་རྣམས་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ཁོ་ན་ལས་མ་འདས་ཤིང་བདེ་བའི་གོ་སྐབས་སྐྲ་ཡི་ཉག་མའི་ཁྱོན་ཙམ་ཡང་མེད། དེ་ཡང་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་ལ་བཟོད་བླག་མེད། ད་ལྟ་ཉིན་གཅིག་གི་དྲོ་གྲང་འཁྱག་ལྟོག་ཕྲ་མོ་ཡང་མ་བཟོད་ན་ངན་སོང་གི་སྡུག་བསྔལ་བཟོད་པ་ལྟ་ཅི། གལ་ཏེ་མཐོ་རིས་གསུམ་དུ་སྐྱེ་བ་ཞིག་ཡིན་ནའང་འཁོར་བའི་རྒྱུ་མ་རིག་པ་སྤང་བར་མ་ནུས་ཤིང་ཟག་བཅས་ཀྱི་བདེ་བ་ཕྲ་མོ་དག་ཡུད་ཙམ་གྱིས་འགྱུར་བ་དང་འགྲོགས་ཤིང་། བདེ་བ་ལྟར་སྣང་བ་དེ་དག་ཀྱང་ཕྱི་ཕྱིར་སྡུག་བསྔལ་ཤ་སྟག་འདུ་བྱེད་པའི་རྒྱུ་རུ་སོང་ནས། སླར་ཡང་འོག་ནས་འོག་ཏུ་ལྷུང་བར་འགྱུར་བའི་རང་བཞིན་ལ་བསམ་ནས་སྐྱོ་བ་བསྐྱེད། གནས་རིས་དེ་དག་ཏུ་སྔོན་ཡང་ཚེ་ཐོག་མ་མེད་པ་ནས་ད་བར་འཁྱམས། ད་དུང་ཡང་སྒོ་གསུམ་གྱི་ལས་བྱེད་པ་འདི་ནི་སྡིག་པ་མི་དགེ་བ་འབའ་ཞིག་བྱེད་པ་མང་བས་ཚེ་འདི་འཕོས་མ་ཐག་ངན་སོང་དུ་འགྲོ་ངེས་པར་རེད་འདུག། ལས་བྱས་པ་ཆུད་མི་ཟ། མ་བྱས་པའི་ལས་དང་མི་འཕྲད་པའི་རང་བཞིན་དུ་དེ་བཞིན་གཤེགས་པས་གསུངས་པ་རང་གི་ལས་ཀྱི་རྣམ་སྨིན་རང་གི་བདག་གིར་བྱ་བ་ལས་གཞན་ལ་བསྒོ་རྒྱུ་ནི་མེད། བཀྲུ་རྒྱུ་དང་དོར་རྒྱུ་ནི་མེད་པས་དེས་ན་རྣམ་སྨིན་དོས་དྲག་ལ་རྒྱུན་རིང་བ་ལ་སྤྱོད་དུ་རན། ཟག་བཅས་ཀྱི་དགེ་བ་ཕྲ་མོས་མཐོ་རིས་སུ་སྐྱེ་ནའང་། མིར་སྐྱེ་རྒ་ན་འཆི། ལྷར་འཆི་འཕོ་ལྟུང་བའི་སྡུག་བསྔལ་དང་། ཁམས་གོང་མ་ན་ཏིང་ངེ་འཛིན་གྱི་ངང་དུ་ཡུན་རིང་གནས་པ་ཡང་སེམས་དེ་ཟད་པ་དང་འོག་མར་ལྟུང་བ་ལས་ཐར་པའི་རྒྱུར་མ་སོང་བས་སྡུག་བསྔལ་ལ་འཁོར་མོ་ཡུག་ཏུ་ལོངས་སྤྱོད་དགོས་པར་འདུག་པས་ད་ཕྱིན་དགེ་མི་དགེ་ལ་བླང་དོར་བསྐྱེད་ཅིང་། དེ་ཡང་ད་ལྟ་ནས་འཕྲལ་འཕྲལ་ལག་ལེན་ཐེབས་དགོས་རྒྱུ་ལས་སང་བྱེད་གནང་བྱེད་ཀྱི་མི་ཕན་ཏེ་རང་རེ་རྣམས་ཀྱི་ཚེ་སྲོག་ཆུ་ཡི་ཆུ་ལྦུར་ལྟ་བུ་འདི་ནི་མི་རྟག་ཅིང་སྐད་ཅིག་གི་གཡོ་བའི་ཆོས་ཅན་རླུང་གསེབ་ཀྱི་མར་མེ་ལྟ་བུ། བར་སྣང་གི་སྤྲིན་ལྟ་བུ་ད་ལྟ་ཡོད་ཀྱང་ད་ལྟ་མེད་པ་ཤིན་ཏུ་མི་བརྟན་ལ། དེའང་ཕྱི་སྣོད་ཀྱི་འཇིག་རྟེན་ནམ་ཟླ་དུས་བཞིའི་འགྱུར་ལྡོག། ནང་སྐྱེ་འགྲོ་མཆོག་དམན་ཐམས་ཅད་ཀྱི་ཚེ་ལ་ངེས་མེད། ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད། ངེས་པར་འཆི་བའི་ཆོས་ཉིད་ལས་མ་འདས་ཤིང་འཆི་བའི་སྡུག་བསྔལ་ཉམས་སུ་མྱོང་བའི་ཚེ་ན་སྟོབས་དང་། ནོར་དང་། རིགས་གཟུགས་དཔལ་འབྱོར་ཇི་ལྟར་བཟང་ཡང་ཕན་པ་མེད་ལ་རང་ཉིད་གཅིག་པུས་སྡུག་བསྔལ་དེ་ཉམས་སུ་མྱོང་དགོས། བར་དོའི་འཇིགས་སྐྲག་གི་སྡུག་བསྔལ་ནི་བསམ་གྱིས་མི་ཁྱབ་གར་སྐྱེ་གར་འགྲོའི་གཏད་སོ་དང་རང་དབང་ནི་མེད། གཅེས་པའི་ལུས་ཀྱང་ཤུལ་དུ་བཞག་ནས་འཇིག་རྟེན་ཕྱི་མའི་སྐྱས་ཆེན་པོར་འདེགས་པའི་ཚེ་སྐྱབས་དང་མགོན་ནི་དམ་པའི་ཆོས་ཁོ་ན་ཡིན་ཀྱང་། དེའང་མ་སྒྲུབ་པས་འགྱོད་པ་ན་ཕྱིས་པ་ཡིན་པས་དེ་བས་ད་ལྟ་ཉིད་དུ་དམ་པའི་ལྷ་ཆོས་གཤའ་མ་ཞིག་ལ་བརྩོན་པར་མ་བྱས་ན། རང་གི་རང་བསླུས་པའི་རྨོངས་པ་སྙིང་ལ་གདོན་ཆེན་པོས་བཏབ་པ་ཡིན་པས་རང་མགོ་མི་བསྐོར་བ་རང་མགོ་ཉི་མ་དམ་པའི་ལྷ་ཆོས་ཀྱི་འདོན་པར་བྱ། དེའང་ལྷ་ཆོས་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་རྟེན་འདི་ཡིན་ན་དེ་ནི་ད་ལྟ་བདག་ལ་སྔོན་བསགས་བཟང་པོའི་བྱེད་པས་ཐོབ་ནས་གདའ་བས་དེ་གྲོན་བརླག་མ་ཤོར་བ་མ་བྱས་ན་ཕྱིས་ནས་འདི་འདྲའི་རྟེན་བཟང་ནི་ལྷའི་ནང་ན་མེད་ན་གཞན་དུ་ག་ལ་ཡོད། དེས་ན་ནོར་གཅེས་པ་འགའ་ཞིག་སྟོར་བས་གྱོང་ཆེ་ཟེར་བའི་ཟླ་ལ་མེད། གཏན་དུ་བདེ་བའི་གོ་འཕང་ཀྱང་རྟེན་འདིས་སྒྲུབ་ནུས་ཏེ་སངས་རྒྱས་བྱང་སེམས་ཀྱི་རྣམ་ཐར་དང་མཁས་གྲུབ་གོང་མའི་རྣམ་ཐར་ལ་གཟིགས། འདི་ཕུང་ཕྱི་ཕུང་ཡང་འདིའི་སྟེང་ནས་བྱེད་དེ་སྡིག་ཅན་རྣམས་དམྱལ་བར་སྐྱེ་བའི་ལོ་རྒྱུས་ལ་ལྟོས། དེས་ན་ཡར་འགྲོ་མར་འགྲོའི་ས་མཚམས་ལེགས་ཉེས་ཀྱི་འདུན་མ་ད་རེས་འཆུག་མི་ཉན། བློ་ཉེས་གྲོས་ཉེས་སུ་མ་ཤོར་བ་དང་། དལ་འབྱོར་གྱི་ནོར་བུ་ལག་ཏུ་ལོན་པ་ཐང་དུ་མ་ཤོར་བ་སྙིང་པོ་ལོན་པའི་ཐབས་ལ་སྒོ་གསུམ་འབད་པ་དྲག་པོས་བརྩོན་དགོས། བརྩོན་རྒྱུ་ནི་དམ་པའི་ཆོས་སྲིད་ཞིའི་ཉེས་ཚོགས་ཐམས་ཅད་སེལ་བའི་བདུད་རྩི། འཁོར་བའི་གཅོང་ནད་འབྱིན་པའི་སྨན་ཆེན་དེ་བསྟེན་དགོས་ཀྱང་། རང་སྟོབས་ཀྱིས་མི་ཤེས་པས། རྐྱེན་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་མཉེས་པ་གསུམ་གྱི་བསྟེན་ནས་ཅི་གསུང་བཀའ་སྒྲུབ། ཅི་མཛད་ཚད་མར་མཐོང་བའི་མོས་གུས་ཀྱིས་ལམ་གྱི་སྲོག་ཏུ་བཟུང་ནས་དེ་ཡི་ཞལ་གྱི་བུམ་བཟང་ལས་བྱོན་པ་དེ་དོན་མེད་དུ་མི་གཏོང་བར་གུས་སྦྱོར་དང་རྟག་སྦྱོར་དང་། ཆོག་མི་ཤེས་པའི་བརྩོན་འགྲུས་དྲག་པོས་བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་གྱི་འཁྲུལ་པ་ཞི་བ། འཁྲུལ་སྣང་ཡེ་ཤེས་སུ་འཆར་བ་ཞིག་མ་བྱུང་བར་དུ་ཉམས་སུ་བླང་བར་བྱ། དེ་ལྟར་བྱ་ནུས་པ་ཞིག་བླ་མ་དཀོན་མཆོག་མཁྱེན། དེ་ལྟར་ནུས་པར་གྱུར་ཅིག། དེ་ལྟ་བུར་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་སྒོ་ནས་ངེས་འབྱུང་གི་བློ་ཤུགས་དྲག་ཆུ་བོའི་རྒྱུན་བཞིན་བསྐྱེད་པར་བྱའོ། །ཐུན་ལས་ལྡང་བ་ན་དགེ་བསྔོ་དང་། རྗེས་སྤྱོད་ལ་འཇུག་ཅིང་དེ་ཡང་ངེས་འབྱུང་དུང་ངེ་བ་དང་མི་འབྲལ་བར་བྱའོ། །འདི་ནི་འོག་མ་ཀུན་ལའང་འགྲེ། གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་ལྔ། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་དང་། མཐུན་རྐྱེན་ཚོགས་བསག་པ་དང་། བྱིན་རླབས་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དེ་ཡང་རྡོ་རྗེའི་ཚིག་རྐང་ལས། སྐྱབས་སེམས་སྦྱང་སྤེལ་ནན་ཏན་དང་༔ བྱིན་རླབས་བླ་མའི་རྣལ་འབྱོར་བསྒོམ༔ དབང་བཞི་བླང་ཞིང་ཐུགས་ཡིད་བསྲེ༔ ཞེས་པ་ལྟར་ལས། དང་པོ་ནི། རང་ཉིད་གནས་པའི་ས་ཕྱོགས་ཐམས་ཅད་བདེ་ལྡན་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་མཆོད་པའི་སྤྲིན་རྒྱ་མཚོས་མཛེས་པའི་མདུན་གྱི་ནམ་མཁར་སྣ་ཚོགས་པདྨ་འདབ་མ་འབུམ་དང་ལྡན་པའི་ཟེའུ་འབྲུའི་ཁད་དང་མཉམ་པའི་ཟླ་བའི་གདན་གྱི་སྟེང་རྩ་བའི་བླ་མ་ཉིད་རྗེ་བཙུན་འཕགས་མ་ཡུམ་རྐྱང་དུ་བཞུགས་པ་ཉིད་སྐྱབས་ཀུན་འདུས་པའི་བདག་ཉིད་དུ་མོས་པའི་སྒོ་ནས་བཻཌཱུ་ཡའི་ས་གཞིའི་ངོས་སྐྱབས་ཡུལ་གྱི་མདུན་ཐད་དུ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་བྱ་བྱེད་གཅིག་པར་སྐྱབས་སུ་འགྲོ་ཞིང་། བླ་མའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་སུ་དད་མོས་རྩེ་གཅིག་པས། ན་མོ༔ བདག་སོགས་འགྲོ་ཀུན་སོགས་རང་གཞུང་གི་སྐྱབས་འགྲོ་ཐུན་རེ་ལ་བརྒྱ་སྟོང་སོགས་གྲངས་ཅི་ནུས་སུ་སེམས་གཞན་དུ་མ་ཡེངས་པར་བྱ། ཐུན་འཇོག་ཁར་སྐྱབས་ཡུལ་གྱི་སྐུ་ལས་འོད་ཟེར་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་སོང་། སྐྱབས་ཡུལ་རྗེ་བཙུན་བཅོམ་ལྡན་འདས་མ་འཆི་མེད་བདུད་རྩིའི་ངོ་བོར་འོད་དུ་ཞུ་ནས་རང་ལ་ཐིམ་པས་གསང་བ་གསུམ་གྱི་བྱིན་རླབས་རྒྱུད་ལ་ཞུགས་པར་བསམ་ལ་རང་གི་སེམས་ཉིད་གཟོད་ནས་སྐྱེ་འགགས་བྲལ་བའི་རང་བཞིན་འཆི་མེད་གཉུག་མའི་གནས་ལུགས་དེ་དོན་གྱིས་རྗེ་བཙུན་མའི་གསང་གསུམ་གྱི་ངོ་བོར་བཞུགས་པའི་ཡིན་ལུགས་བསྐྱངས་བ་ནི་གནས་ལུགས་དོན་དམ་པའི་སྐྱབས་འགྲོའོ། །གཉིས་པ་སེམས་བསྐྱེད་ནི། ནམ་མཁའ་ལ་མཐའ་གང་ནས་ཀྱང་གཞལ་དུ་མེད་པ་དེ་བཞིན་སེམས་ཅན་ལའང་མཐའ་བཟུང་དུ་མེད། མཐའ་མེད་པའི་སེམས་ཅན་རེ་རེས་ཀྱང་རང་གི་ཕ་མ་བྱས་པའི་གྲངས་ས་ཆེན་པོའི་རྡུལ་གྱིས་ཀྱང་གཞལ་བར་མི་ནུས། ཕ་མ་བྱས་རེས་ཀྱིས་རང་ལ་ཕན་པ་ཚད་མེད་པ་བཏགས། གནོད་པ་དཔག་ཏུ་མེད་པ་ལས་བསྐྱབས་པའི་དྲིན་པོ་ཆེ་ཤ་སྟག་ཡིན་ཡང་། དེ་རྣམས་རྒྱུ་འབྲས་ཀྱི་གནས་ལ་རྨོངས་པས་ཞེ་འདོད་དང་ལག་ལེན་གཉིས་འཛོལ་ནས་གདའ། བདག་རྒྱུ་དལ་འབྱོར་མི་ལུས་ཚང་། རྐྱེན་དགེ་བའི་བཤེས་དང་མཇལ་བ་འདི་ཕོ་སྤྱང་། མོ་གྲུང་ཟེར་བའི་དཔེ་ལ་མེད་པས་ངས་ཕ་མ་འདི་རྣམས་སྡུག་བསྔལ་གྱི་གཟེབ་ལས་ཐར་བ་ཞིག་མ་བྱས་ན་དེ་ལས་ཁྲེལ་ཆེ་བ་མེད་པས་ཚེ་འདིར་རང་གཞན་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་སྒྲོལ་ནུས་པ་ཞིག་བགྱིའོ། །དེའི་ཆེད་དུ་ཐེག་ཆེན་ལམ་གྱི་རིམ་པ་རྣམས་དང་། ཁྱད་པར་དུ་ཚེ་གཅིག་ལ་གྲོལ་བའི་ཆོས་དུས་གསུམ་འབྱུང་བར་དཀོན་པ་རྡོ་རྗེ་ཐེག་པ། དེའི་ནང་ནས་ཀྱང་རྣལ་འབྱོར་བླ་མེད་མ་རྒྱུད་རྒྱ་མཚོའི་ཡང་སྙིང་རྗེ་བཙུན་འཕགས་མའི་རྣལ་འབྱོར་ལ་བརྩོན་པར་བྱ་བའི་བློས། ཧོ༔ མཁའ་མཉམ་སེམས་ཅན་སོགས་བརྗོད་ཅིང་དེའང་དང་པོ་རང་གི་རྩ་བའི་མ་ལ་བསྒོམ་སྟེ་བློ་སྦྱོང་། སྦྱོང་ཚུལ་བྱམས་པ་དང་། སྙིང་རྗེ་ཡང་ཡང་བསྐྱེད་དགོས། མ་དེའི་སྡུག་བསྔལ་རང་ཐོག་ཏུ་ལེན་ནུས་པ་ལྟ་བུ་ཞིག་མ་བྱུང་བར་དུ་སྦྱོང་བ་གལ་ཆེ། དེ་ནས་རིམ་གྱིས་སེམས་ཅན་ཇེ་མང་ལ་གཏོང་ནས་བསྒོམ་མཐར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་བསྒོམ་ནུས་པར་འགྱུར། དེའང་སྨོན་པ་སེམས་བསྐྱེད་ཀྱི་དམ་བཅའ་ཤིན་ཏུ་བརྟན་པོ་གལ་ཆེ་ཞིང་། འཇུག་པའི་བསླབ་བྱ་ཕྱིན་དྲུག་དང་འབྲེལ་བར་སྤྱོད་དགོས། སེམས་བསྐྱེད་ཀྱི་སྐབས་བླང་བའི་ཡུལ་བླ་མ་ཉིད་སྐྱབས་ཡུལ་ལྟར་གསལ་བ་དཔང་པོར་བཞུགས་པར་མོས། རྒྱུན་དུ་ནི་སྐྱབས་ཡུལ་མ་བསྡུས་པར་སེམས་བསྐྱེད་བླངས་ནས་བསྡུ་བསྟིམ་བྱ་བའམ། བླ་མ་རྗེ་བཙུན་མའི་སྐུ་གསལ་ཞིང་འོད་ཟེར་འཕྲོ་བ་ལ། བྱིང་ན་སྨིན་མཚམས། རྒོད་ན་ལྟེ་བར། མཉམ་པའི་དུས་ཐུགས་ཀར་ཐིག་ལེ་དཀར་འཚེར་ཤིན་ཏུ་ཕྲ་བ་ལ་སེམས་གཏད་པས་ཞི་གནས་དང་། དེ་ཡི་ངང་ལས་ཕྱི་གཟུང་བ། ནང་འཛིན་སེམས་ཐམས་ཅད་འལ་འོལ་རྗེས་མེད་སྒྱུ་མ་རྨི་ལམ་ལྟ་བུ་རང་བཞིན་མེད་པས་གཅིག་དང་དུ་མའི་མཐའ་ལས་འདས་ཤིང་གསལ་སྟོང་ཟུང་འཇུག་ཆེན་པོར་ལྷག་གེར་མཐོང་བ་ནི་ཆོས་ཉིད་མཐོང་བ་སྟེ་ཞི་ལྷག་གི་ཏིང་ངེ་འཛིན་ལ་ཅི་གནས་སུ་འཇོག། དེའང་གསལ་བ་དྲག་ལ་ཡུན་ཐུང་གྲངས་མང་བར་བྱས་པས་རིམ་གྱིས་ཡུན་ཇེ་རིང་ལ་ཤུགས་ཀྱིས་གོམས་པར་འགྱུར་རོ། །འདི་ནི་སྒྲོལ་མའི་ཟབ་ཏིག་གི་མན་ངག་ལས་བྱུང་བའོ། །གསུམ་པ་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི་དཀྱུས་འདིར་མི་འབྱུང་ཡང་གཞན་ནས་ཁ་བསྐང་བར་བྱ་སྟེ། དེ་ཡང་སེམས་ཅན་རྣམས་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་དེ་མ་རྟོགས་པས་འཁོར་བར་འཁྱམས་པ་སྟེ། དེའང་སྒྲིབ་པའི་གཙོ་བོ་ནི་མ་རིག་པས་བསྐྱེད་པ་རྣམས་ཀྱིས་ཆོས་ཉིད་ལ་སྒྲིབ་ཀྱང་གཤིས་ལ་མ་བསླད་ཅིང་དྲི་མ་གློ་བུར་བ་ཡིན་པས་སྦྱང་དུ་བཏུབ་པ་སྟེ། སྦྱོང་བྱེད་ཀྱི་ཐབས་དཔག་ཏུ་མེད་ཀྱང་འདིར་རྡོ་རྗེ་ཐེག་པའི་ཐབས་མཁས་ཕྲིན་ལས་ཀྱི་ཆེ་བ་བླ་མ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དུ་བསྒོམ་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་གནོང་འགྱོད་དྲག་པོར་བྱ་བ་རྣམ་པར་སུན་འབྱིན་པའི་སྟོབས། བདུད་རྩི་འབེབ་སྦྱོང་བྱ་ཞིང་སྔགས་བཟླ་བ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཕྱིན་ཆད་སྡིག་པའི་ལས་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པ་སོར་ཆུད་པའི་སྟོབས་ཏེ་དེ་བཞི་ཚང་ན་བཅས་རང་གི་ཉེས་ལྟུང་ཐམས་ཅད་དག་པར་འགྱུར་ཞིང་། ངག་འདོན་ནི་གཏེར་ཁ་རིགས་མཐུན་གང་རུང་ངམ་འདིའི་ཆ་ལག་བླ་སྒྲུབ་བྱིན་རླབས་སྙིང་པོའི་རྩ་གཞུང་ནས་བླངས་ལ་རང་གི་སྤྱི་བོར་མཐོ་གང་ཙམ་གྱི་སྟེང་དུ་བསྒོམ། བླ་མ་རྡོར་སེམས་གྱི་ཐུགས་ཀའི་སྔགས་ཕྲེང་ལས་བདུད་རྩི་དཀར་པོའི་རྒྱུན་སྐྱ་ཆིལ་ཆིལ་བབས་པ་ཚངས་བུག་ནས་ཞུགས། ནད་ཐམས་ཅད་རྣག་ཁྲག། གདོན་ཐམས་ཅད་སྲོག་ཆགས་ཀྱི་རྣམ་པ། སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུའི་རྣམ་པས་དབང་པོའི་སྒོ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་ལུས་ཤེལ་སྒོང་ལྟར་བཀྲུས་པ་ལ་བདུད་རྩིའི་རྒྱུན་གྱིས་དཀར་ལྟེམས་ཀྱིས་གང་བས་རྡོ་རྗེ་སེམས་དཔའི་གསང་གསུམ་བྱིན་རླབས་རྒྱུད་ལ་ཞུགས་པར་བསམ་ལ་ཡིག་བརྒྱ་གྲངས་ཅི་ནུས་བཟླས་མཐར་བཤགས་སྡོམ་བྱས་པས་བླ་མ་རྡོ་རྗེ་སེམས་དཔས་སྡིག་སྒྲིབ་དག་པའི་གནང་བ་བྱིན་ནས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་རང་རིག་གསལ་སྟོང་འཛིན་མེད་ངེས་དོན་གྱི་རྡོ་རྗེ་སེམས་དཔའི་རང་ཞལ་བསྐྱང་བར་བྱའོ། །བཞི་པ་ཚོགས་བསག་དང་། ལྔ་པ་བླ་མའི་རྣལ་འབྱོར་འཁྲུག་སྡེབས་ཀྱི་སྒོ་ནས་དཀྱུས་གཅིག་ཏུ་ཉམས་སུ་བླང་བ་ནི། ཆོས་སྡེ་འདིའི་ཕྱི་སྒྲུབ་ཚོགས་བསག་བསྙེན་པའི་རྣལ་འབྱོར་གྱི་དགོངས་དོན་ཀུན་མཁྱེན་བླ་མ་རང་ཉིད་ཀྱིས་བསྩལ་བའི་ཚེ་ལྷ་རྣམ་གསུམ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འཆི་མེད་གྲུབ་པའི་གསེང་ལམ་རྒྱས་བསྡུས་གང་ལྕོགས་ཉམས་སུ་བླང་བ་ནི་ཤིན་ཏུ་གལ་ཆེ་ཞིང་། དེ་ཉིད་རྒྱས་པར་བཤད་ན་ཡི་གེ་མང་གིས་དོགས་པས་འདིར་བླ་རྣམ་གྱི་གནད་ཅུང་ཟད་བརྗོད་ན། སྤྱིར་བླ་མ་ཞེས་པ་གོང་ན་མེད་པའི་དོན་ཡིན། གུ་རུའི་སྒྲ་ལས་དྲངས་ན་ལྕི་བ་ལ་འཇུག་པས་ཡོན་ཏན་གྱིས་ལྕི་བ་སྟེ་བདག་གི་དཔལ་མགོན་བླ་མ་དེ་དོན་ལ་སངས་རྒྱས་ངེས་པར་ཡིན། རྣམ་པ་དག་དང་མ་དག་སྟོན་པ་ནི་སྔོན་གྱི་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་བཞིན་སངས་རྒྱས་བྱང་སེམས་གྱི་མཛད་སྤྱོད་ལ་བཟང་ངན་བློས་དཔོག་རྒྱུ་མེད། མ་དག་པ་སྣང་བ་མཁྲིས་ནད་ཀྱི་དུང་སེར་འཛིན་ལྟར་རང་བློ་མ་དག་པས་ལན། རང་བློ་མ་དག་ན་ཤཱཀྱ་ཐུབ་པ་ལྟ་བུ་ཡང་སྐྱོན་ཅན་དུ་རྟོགས། དེས་ན་འདི་ནི་བླ་མའི་སྐྱོན་མིན་རང་གི་ཉེས་པར་ཟད་དོ། །ཡོན་ཏན་གྱི་ངོས་ནས་སངས་རྒྱས་དང་མཉམ། བཀའ་དྲིན་སངས་རྒྱས་ལས་ལྷག་ངེས་པར་བསམ་དགོས་ཤིང་། དེ་ལྟར་བཀའ་དྲིན་ཆེ་བར་ཡང་ཡང་དྲན་དགོས། དྲན་རྒྱུའི་གཙོ་བོ་ཡང་རང་ལ་གནང་སྦྱིན་བདག་རྐྱེན་གཟེངས་བསྟོད་སོགས་དྲན་པས་མི་ཆོག་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བླ་ན་མེད་པ་སྦྱིན་པར་མཛད་པའི་དྲིན་དེ་ཡང་ཡང་བསམ་པ་ནི་གནད་དམ་པའོ། །དེ་གང་གིས་སྦྱིན་ན་རང་བྱུང་རིག་པ་ལྷན་སྐྱེས་ཀྱི་ཡེ་ཤེས་འདི་ངོ་སྤྲད་པས་སོ། །དེ་སྟོན་པར་བྱེད་པའི་བླ་མ་ནི་རྩ་བའི་བླ་མ་སྟེ་དེ་དང་རང་ཉིད་འབྲེལ་བ་ཆེ་ཚུལ་ཡང་། སྤྱིར་སེམས་ཅན་ཐམས་ཅད་དང་ཆོས་ཀྱི་དབྱིངས་གཅིག་པས་མ་འབྲེལ་བ་མེད་པས་ཀྱང་འབྲེལ། སྒོས་སུ་བླ་མ་རིན་པོ་ཆེ་སྔོན་སློབ་ལམ་དུ་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པའི་སྐབས་ནས་རང་རེ་འབུ་སྲིན་ཕྲ་མོ་ལྟ་བུའི་ལུས་བླངས་སྐུ་ཡི་གྲིབ་མས་རེག་པའམ། གསུང་གི་ཆ་ཤས་ཐོས་པ་དང་། ཐུགས་ཀྱི་དགོངས་པའི་ཟེར་ཕྲ་མོས་ཁྱབ་པ་གང་རུང་གི་དངོས་དང་བརྒྱུད་ཀྱི་འབྲེལ་བ་ནས་བརྩམས་དེང་གི་བར་དུ་བཟང་ངན་གྱི་འབྲེལ་པ་ཞོག་པས་སྔོན་ནས་འབྲེལ་བའི་ཚེ་རབས་ཀྱི་བླ་མ་ཞེས་བགྱི་ལ། དེ་ཡང་སྣང་བ་ཐམས་ཅད་རང་སྣང་ཡིན་བཞིན་བླ་མ་ཡང་རང་སེམས་དག་པའི་སྣང་བ་ལས་ཤར་བའི་བླ་མ་ཡིན་པས། བླ་མ་ཕྱི་ན་མི་བཞུགས་ངེས་དོན་དུ་རང་གི་རིག་པ་བླ་མ་ཉིད་དང་། དེའི་སྣང་ཆའི་རྩལ་ཕྱིར་ཤར་བ་ལས་བླ་མའི་གཟུགས་སྐུ་བློའི་རིམ་པ་དང་འཚམ་པར་འཆར་བའོ། །དེ་ལྟར་འཆར་ལོ་བའི་གནད་ཀྱང་བག་ཆགས་ཀྱིས་དཀྲུགས་པའི་སེམས་ཀྱི་སྣང་ཆ་ལས་འཁོར་བ་དང་། འཁྲུལ་ཆ་དག་རིམ་དང་བདེན་གཉིས་དབྱེར་མེད་མཉམ་པ་ཆེན་པོའི་ཡེ་ཤེས་ཀྱི་སྣང་ཆ་ལས་མྱང་འདས་ཀྱི་སྣང་བ་འཆར་བ་དེའི་ཕྱིར་རང་སེམས་བླ་མར་ཤར་བ་ནི་གནད་དམ་པའོ། །དེ་ལྟར་གོ་བས་སྒོམ་དོན་ངག་འདོན་བཞིན་ཆོས་ཐམས་ཅད་སྔགས་ཀྱིས་སྟོང་པར་སྦྱངས། དེའི་ངང་ལས་བདེ་ཆེན་གྱི་ཞིང་གི་དབུས་སུ་མདུན་གྱི་ནམ་མཁར་བླ་མ་ཉིད་ཀྱི་གནས་ཚུལ་གྱི་སྐུ་འཆི་མེད་ཚེ་ལྷ་གསུམ་གྱི་ངོ་བོར་ཤར་བ་བསྐྱེད་པ་དང་། ཚོགས་བསག་གི་གནད་བསྡུས་པ་ཡན་ལག་བདུན་པའི་དམིགས་པ་སྤྱི་ཁྱབ་དང་། མཎྜལ་ཡང་དེ་བཞིན་འབུམ་ཐེར་སོགས་ཀྱི་ཚོགས་བསག། ཐུགས་དམ་རྒྱུད་བསྐུལ་གྱི་བཟླས་པ་དང་། ཚེ་བཅུད་བསྡུ་བསྟིམ་དང་། ཚེའི་བདུད་རྩིས་སྨིན་མཚམས་ནས་རིམ་པར་གང་བས་དབང་བཞི་ཐོབ་པའི་དམིགས་པ་ཡང་ཡང་བྱ། བླ་མ་རྣམས་འོད་ཞུ་རང་ལ་ཐིམ་ཐུགས་ཡིད་བསྲེ་ཞིང་དགོངས་པའི་ངང་བསྐྱང་བར་བྱའོ། །གཉིས་པ་དངོས་གཞི་ལྷ་ཁྲིད་ལ་སྐུ་བསྐྱེད་རིམ་ཕྱག་རྒྱའི་ཁྲིད་དང་། དེའི་ཡན་ལག་ཏུ་གསུང་བཟླས་པ་སྔགས་ཀྱི་ཁྲིད། ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་ཁྲིད་མདོ་ཙམ་སྨོས་པའོ། །དང་པོ་ལ་བགེགས་བསྐྲད་ཅིང་བསྲུང་བའི་འཁོར་ལོ་བསྒོམ་པ། མཆོད་རྫས་བྱིན་གྱིས་བརླབ་པ། ལྷ་བསྒོམ་པ་དངོས་ལ་འཇུག་པའོ། །དང་པོ་ནི། གཟུང་འཛིན་གཉིས་མེད་ཀྱི་ཡི་གེ་བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཀྱི་ཐུགས་སྲོག་ཕྱག་རྒྱའི་རིག་པ་ཧཱུྃ་གི་སྒྲ་སྒྲོགས་པ་ན་རང་ཉིད་གཉུག་མའི་ལྷ་པདྨ་ཧེ་རུ་ཀ་སྐུ་མདོག་དམར་པོ་ཕྱག་གཉིས་ཀྱི་པདྨ་དང་དྲིལ་བུ་འཛིན་པའི་སྐུ་ཁྲོ་ཞིང་གཏུམ་པ་ཁྲོ་བོའི་ཆས་ཀྱིས་བརྒྱན་པའི་ཤངས་ཀྱི་རླུང་སྒྲོམ་ནས་ཧཱུྃ་སྤྲོས་པས་དེ་དག་ཕྱོགས་བཅུར་དུམ་བུར་ཆད་པ་ལས་མེའི་ཚྭ་ཚྭ་འཕྲོས་པས་བགེགས་ཐམས་ཅད་བསྲེག་ཅིང་བཅོམ་པར་གྱུར་པ་མོས་ལ་དུག་གསུམ་གྱི་རྟོག་ཚོགས་དང་། དེས་བསྐྱེད་པའི་གདོན་བགེགས་འདུལ་ཕྱིར་སྐུ་གསུམ་གྱི་རང་གདང་ཧཱུྃ་གསུམ་གྱི་དབྱངས་སུ་སྒྲོགས་པས་བགེགས་བསྐྲད། སླར་འདུས་རྡོ་རྗེའི་སྲུང་བའི་འཁོར་ལོ་བསྒོམ་པ་སྟེ། སྔགས་བརྗོད་པ་དང་དེ་ཡང་རྡོ་རྗེ་ཆུང་ངུས་གཏམས་པའི་བར་ཐམས་ཅད་ཁྲོ་ཆུ་ཞུན་མས་འཐས་པར་བསྒྲིགས་པའི་རྡོ་རྗེའི་ས་གཞི། རྡོ་རྗེ་མཆུར་ཉལ་དང་གྱེན་འགྲེང་སྤེལ་བའི་རྡོ་རྗེའི་རྭ་བ། དེའི་སྟེང་རྡོ་རྗེའི་གུར་རྨོག་ཁ་སྦུབས་པ་ལྟ་བུ་རྩེ་མོ་གཅིག་ཏུ་གྱུར་པ་ལ་རྡོ་རྗེ་ཕྱེད་པའི་ཏོག་རྭ་གུར་གཉིས་ཁ་བསྒྲིགས་པའི་ནང་ཐད་ནས་རྡོ་རྗེའི་བླ་བྲེ། རྭ་གུར་གྱི་རྒྱབ་ནས་རྡོ་རྗེ་ཕྲ་མོ་མང་པོ་ཐག་པ་བསྣོལ་ཞིང་སྦྲེལ་བའི་དྲྭ་བ་རྣམས་ཀྱིས་གཡོགས་པ་སྐེད་པའི་མཚམས་ནས་རྡོ་རྗེའི་ཕྲེང་བས་བཅིངས་པ་དེ་རྣམས་ལས་མགར་གྱི་སོལ་མེ་ལྟ་བུའི་མེ་ཡི་ཕྲེང་བ་མཐའ་མེད་དུ་འབར་བས་ཕྱོགས་ཀུན་ཁྱབ་པར་འཕྲོས་ཤིང་ནང་ནས་ཆུ་མི་འཛག་ཅིང་། ཕྱི་ནས་བསྐལ་པའི་རླུང་མི་ཐར་བ་ལྟ་བུའི་སྲ་མཁྲེགས་བཟོད་པར་དཀའ་བ་ཤིན་ཏུ་བརྟན་ལ་འཇིགས་སུ་རུང་བའི་རྣམ་པ་ཅན་ལས་གདོན་བགེགས་རྣམས་ནམ་ཡང་མི་འདའ་བར་བསམ་ལ། དོན་དམ་པར་ནི་བདག་རྟོག་མཚན་མའི་སྤྲོས་པས་གོས་མ་མྱོང་བའི་རང་བྱུང་རིག་པའི་ཀློང་ཆེན་པོར་བཞག་པ་ནི་དོན་དམ་པའི་སྲུང་འཁོར་རོ། །གཉིས་པ་ནི། དངོས་སུ་བཤམས་པའི་ཕྱི་ནང་གི་མཆོད་པ་ཡོད་ནའམ། མེད་ཀྱང་སྣང་སྲིད་ཐམས་ཅད་མཆོད་པའི་ཕྱག་རྒྱར་ཤེས་པས་ཨོཾ་གྱིས་སྟོང་པར་སྦྱངས། ཨཱཿཡིས་སྤེལ། ཧཱུྃ་བརྗོད་པས་ཕྱི་ནང་གསང་བའི་མཆོད་རྫས་སུ་གྱུར་པར་མོས་ལ་སྔགས་ལན་གསུམ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ་བོ། །དེ་ཡང་སྐྱབས་འགྲོས་སྦྱངས་བྱ་ནི་རང་གཞན་ཐམས་ཅད་ཚེ་ཐོག་མ་མེད་པ་ནས་ལམ་ལོག་པར་ཞུགས་ཤིང་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་མ་ཚུད་པ་དང་ལོག་པར་ལྟ་བ་འཛིན་པ་རྣམས། སྦྱོང་བྱེད་ནི་ཡང་དག་པར་སྐྱབས་སུ་འགྲོ་བས། སྦྱངས་འབྲས་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་མངོན་དུ་བྱེད་པ་དང་། སེམས་བསྐྱེད་ཀྱིས་ནི་སྦྱངས་བྱ་ཐེག་པ་དམན་པར་ཞུགས་པ་དང་། རང་འདོད་ཡིད་བྱེད་ཀྱི་རྟོག་པ་དང་། གཞན་ལ་ཁོང་ཁྲོ་བ་སོགས་ཐམས་ཅད། སྦྱོང་བྱེད་འདིས་སྦྱོང་བས། སྦྱངས་འབྲས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་མཛད་པ་ཕྲིན་ལས་རྒྱུན་མི་ཆད་པའོ། །བགེགས་བསྐྲད་ཅིང་སྲུང་བའི་འཁོར་ལོ་བསྒོམ་པས། སྦྱང་བྱ་རང་བཞིན་གྱི་གཤིས་ལ་སྒྲིབ་པའི་འཁྲུལ་རྟོག་ཐམས་ཅད་དང་། དེས་བསྐྱེད་པའི་ཕྱོགས་སྐྱོང་དྲེགས་པ་ཕོ་མོ་རྣམས་བཀུག་ཅིང་གཟིར་བ་དང་། ཁྱད་པར་གསང་སྔགས་ལ་མ་ཞུགས་པ་དང་། ཞུགས་ཀྱང་ལྟ་སྤྱོད་ལོག་པར་གོལ་བ་ཐམས་ཅད་འདིས་སྦྱོང་། སྦྱངས་འབྲས་མངོན་པར་བྱང་ཆུབ་བརྙེས་པ་ན་བདུད་སྡེ་རྣམས་བཅོམ་པའོ། །མཆོད་པ་བྱིན་གྱིས་བརླབ་པས་ནི་སྦྱང་བྱ་སྣོད་བཅུད་ཐ་མལ་དུ་འཛིན་པ་དང་། འདོད་ཡོན་ལ་རང་དགར་སྤྱོད་པ་ཐམས་ཅད་འདིས་སྦྱོང་། སྦྱངས་འབྲས་སངས་རྒྱས་པ་ན་ཡེ་ཤེས་ཀྱི་རོལ་པ་འབྱམས་ཀླས་པར་སྤྱོད་པའོ། །སྤྱིར་གསང་སྔགས་ལུང་གི་སྒོ་བཞིར་གྲགས་ཏེ། དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །ཕྱག་རྒྱ་བརྡ་རྟགས་མཚོན་པ་གར་གྱི་སྒོ། །ཞེས་འབྱུང་བ་ལྟར་འདོན་སྒོམ་ཟུང་འབྲེལ་འབྱུང་དགོས་པ་ནི་གོང་འོག་ཀུན་ལ་ཤིན་ཏུ་གཅེས་སོ། །གསུམ་པ་ལྷ་བསྒོམ་པ་དངོས་ལ་འཇུག་པ་ལ་དམ་ཚིག་པ་གསལ་གདབ་པ། ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ་པ། ལྷ་སྐུའི་གསལ་སྣང་ལ་སེམས་བཟུང་བའོ། །དང་པོ་ལ་རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ནི། ཨོཾ་མ་ཧ་ཤཱུ་ནྱ་ཏ་སོགས་ཀྱི་སྔགས་བརྗོད་པ་དང་། གཟུང་འཛིན་གྱིས་བསྡུས་བའི་ཆོས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་བདག་ཉིད་ཆེན་པོར་རྣམ་པར་དག་གོ །ཞེས་པའི་སྔགས་དོན་ལ་འཇོག་པ་སྟེ། འཁོར་འདས་ཆོས་ཀུན་སོགས་ཀྱི་ཚིག་བརྗོད་རིམ་བཞིན། རྐང་པ་དང་པོས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏེ་འདི་ལྟར་རང་གཞན་སྣང་གྲགས་ཀྱི་ཆོས་འདི་ཐམས་ཅད་གཟོད་མ་ཉིད་ནས་ཤིན་ཏུ་རྣམ་པར་དག་པ་རང་བཞིན་གྱིས་འོད་གསལ་བ་རྡོ་རྗེ་དེ་བཞིན་ཉིད་ཀྱི་དབྱིངས་སྟོང་པ་ཆེན་པོ་ལས་ནམ་ཡང་འདའ་བ་མེད་པ་ནམ་མཁའ་ལྟ་བུའི་ངང་དེར་སྣང་མེད་དུ་ཡུན་རིང་པོར་བཞག་པས། འདིས་འཆི་སྲིད་སྦྱོང་ཞིང་དག་པར་བྱེད། ཆོས་སྐུ་མངོན་དུ་བྱེད་པའི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད་པའི་རྟེན་འབྲེལ་བསྒྲིག། ལམ་གོང་མ་རྫོགས་རིམ་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བའི་སྨིན་བྱེད་དུ་འགྲོ། འཆི་སྲིད་དག་པ་ཆོས་ཀྱི་སྐུའོ་ཞེས་གཞི་འབྲས་སྦྲེལ་བའི་ང་རྒྱལ་ཡང་བྱ་སྟེ་འོག་མ་རྣམས་ལའང་འགྲེ་བར་བྱའོ། །རྐང་པ་གཉིས་པས་ནི། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། དེ་ཏིང་སྤྲོས་བྲལ་དབྱིངས་ཆེན་དེ་ཉིད་ཀྱི་ངང་ལས་དེ་ལྟར་མ་རྟོགས་པའི་འགྲོ་བ་འདི་ཀུན་སྣང་ཡང་བདེན་པས་སྟོང་པ་སྒྱུ་མ་ལྟ་བུའི་ཡུལ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་གཉིས་ཟུང་དུ་འཇུག་པ་ཁྱབ་པར་སྣང་བའི་རྩལ་ལས་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱའོ་སྙམ་དུ་བསྒོམ། འདིས་བར་དོ་སྦྱོང་། འབྲས་བུ་ལོངས་སྐུ་རྫོགས་བྱེད་ཀྱི་རྟེན་འབྲེལ་བསྒྲིག། འོད་གསལ་ལས་ཟུང་འཇུག་གི་ལྷར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོའི་གཞི་འདིང་ངོ་། །རྐང་པ་གསུམ་པས་ནི་རྒྱུའི་ཏིང་ངེ་འཛིན་ཏེ་རྒྱུའི་རིག་པ་ཏཱྃ་དཀར་པོ་ཆུ་ཤེལ་གྱི་མདོག་ལྟར་འཚེར་བ་ནམ་མཁར་ཐོལ་གྱིས་བྱུང་བ་ལས་འོད་ཟེར་ལྔ་ལྡན་དུ་ནམ་མཁའ་དྭངས་པ་ལས་འཇའ་ཚོན་ཤར་བ་བཞིན་འོད་ཟེར་ཕྱོགས་མཐའ་མུ་མེད་པ་རྣམས་སུ་འཕྲོས་པས་སྣོད་བཅུད་ཐ་མལ་དུ་ཞེན་པའི་དངོས་འཛིན་ཐམས་ཅད་སྦྱོང་ནས་སྔར་བསྒོམ་པའི་རྡོ་རྗེའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བར་བསྐྱེད་པ་སྟེ། འདིས་སྐྱེ་སྲིད་ཕྱི་མར་འཇུག་པའི་སྐྱེ་གནས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་སྦྱོང་། འབྲས་དུས་སུ་བདུད་བཞི་བཅོམ་པའི་རྟེན་འབྲེལ་བསྒྲིག། རྫོགས་རིམ་གྱི་ཚེ་རྩ་རླུང་ཐིག་ལེའི་གེགས་དང་གོལ་ས་ཆོད་པའི་གཞི་འདིང་ངོ་། །གཉིས་པ་འབྲས་བུ་རྟེན་དང་བརྟེན་པའི་ངལ་བསྐྱེད་པ་ནི། སྲུང་འཁོར་གྱི་རྒྱུའི་ཏཱྃ་ལས་འོད་ཟེར་འཕྲོས་པས་ནམ་མཁའ་རླུང་མེ་ཆུ་སའི་དཀྱིལ་འཁོར་རི་རབ་དང་བཅས་པ་ངོ་བོ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་དང་། དམ་ཚིག་སྒྲོལ་མ། གོས་དཀར་མོ། མཱ་མ་ཀཱི། སངས་རྒྱས་སྤྱན་མ་དང་ལྔ་ཡི་མཁའ་ཀློང་ཆེན་པོར་རྣམ་པར་དག་པའི་ངོ་བོར་ཤར་བའོ། །རི་རབ་ཀྱི་སྟེང་དུ་རྡོ་རྗེའི་ས་རྡུལ་ཆགས་པས་འོག་གཞི་ཁོད་སྙོམ་པར་བརྡལ་བའི་དབུས་སུ་རིན་པོ་ཆེའི་རྒྱུ་ལས་གྲུབ་པའི་སྣ་ཚོགས་པདྨ་འདབ་མ་འབུམ་དུ་གྱེས་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གེ་སར་གྱི་རྒྱ་དང་མཉམ་པའི་དབུས་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བའི་དབུས་གཞལ་མེད་ཁང་སྒོམ་པ་སྟེ། འདི་རྣམས་ཀྱིས་སེམས་ཅན་རྣམས་གང་དུ་སྐྱེ་བའི་གནས་སྣོད་ཀྱི་འཇིག་རྟེན་ཆགས་པའི་གཞི་འབྱུང་ལྔ་རི་རབ་དང་བཅས་པ་གྲུབ་པ་དེ་སྦྱོང་། འབྲས་དུས་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་ཡུམ་ལྔའི་མཁའ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་རྟེན་འབྲེལ་བསྒྲིག། རྫོགས་རིམ་གྱི་ཚེ་འབྱུང་ལྔ་རི་རབ་དང་བཅས་པ་རྩ་འཁོར་ལྔ་དང་དབུ་མ། པད་ཉི་རྒྱ་གྲམ་ནི་རྩ་འཁོར་དང་རླུང་ཐིག་སྟེ་དེ་རྣམས་མཉེན་ལས་སུ་རུང་བའི་གཞི་འདིང་། སྣ་ཚོགས་རྡོ་རྗེའི་ལྟེ་བར་རྒྱུ་ནོར་བུ་རིན་པོ་ཆེ་ཆུ་ཤེལ་དཀར་པོ་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་མེད་ཁང་རྒྱ་ཁྱོན་ཚད་མེད་པ་གྲུ་བཞི་ངོས་མཉམ་པ་ལ་སྒོ་བཞི་དང་ལྡན་པ་རྒྱུ་འབྲས་ཀྱི་རྟ་བབས་བརྒྱད་བརྒྱད་དེ། འབྲས་བུའི་རྟ་བབས་བརྒྱད་ནི། རྟ་རྐང་། ཆུ་སྐྱེས། སྒྲོམ། ཟར་ཚགས། སྣ་འཕྱང་། ཆུན་འཕྱང་། ཤར་བུ། རྒྱ་ཕིབས་ཏེ་བརྒྱད་དོ། །རྒྱུ་ཡི་རྟ་བབས་ནི་སྒོ་ཡི་ཕྱི་ནས་ཐེམ་སྐས་ལྟ་བུ་རིམ་པ་བརྒྱད་ཡོད་པར་གསུངས། འདོད་སྣམ། ཕ་གུ། དྲྭ་བ་དྲྭ་ཕྱེད། ཤར་བུ་མདའ་ཡབ་སོགས་ཀྱིས་བརྒྱན་པ་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་འོད་ཟེར་ཀུན་ཏུ་འཕྲོ་བ་ཕྱི་དང་ནང་མེད་པ། སྒྲིབ་ཐོགས་ཐམས་ཅད་དང་བྲལ་བ་འདོད་སྣམ་དམར་པོའི་སྟེང་ནས་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་ཐོགས་ནས་གར་བྱེད་པ། རྡོ་རྗེའི་རྭ་བའི་ནང་དུ་འཇིག་རྟེན་པའི་ཁོར་ཡུག་ལ་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་དཀར་ཕྱོགས་སྐྱོང་བའི་ཚོགས་ཀྱིས་བསྐོར་བ་བསྒོམ་ཞེས་རྗེ་གཏེར་ཆེན་བླ་མ་ཉིད་ཀྱིས་གསུངས། དེ་ལྟར་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་ལྟེ་བར་པདྨ་དཀར་པོ་འདབ་མ་བཞི་པའི་དབུས་སུ་ཐིག་ལེ་དཀར་དམར་མཚོན་བྱེད་འོག་ཉི་མ་སྟེང་ཟླ་བ་དང་བཅས་པ་བསྒོམ་ཞིང་གཞལ་ཡས་ཁང་གིས་སེམས་ཅན་རྣམས་གང་དུ་རྒྱུ་ཞིང་སྤྱོད་པའི་ཁང་ཁྱིམ་དང་། པད་ཉི་ཟླ་བས་མངལ་སྐྱེས་དང་སྒོང་སྐྱེས་ཀྱི་མའི་མངལ་ཁུ་ཁྲག་སྐྱེ་གནས་གཞན་གཉིས་ཀྱི་དྲོད་གཤེར་གཉིས་དང་། གནས་ལུས་ལ་སྲེད་ལེན་གྱི་བག་ཆགས་སྦྱོང་། འབྲས་དུས་ཡེ་ཤེས་ཀྱི་རང་སྣང་གི་ཕོ་བྲང་ཆེན་པོ་མངོན་དུ་གྲུབ་པའི་རྟེན་འབྲེལ་བསྒྲིག། རྫོགས་རིམ་གྱི་ཚེ་གཞལ་ཡས་ཁང་གིས་རྩ་ཐིག་རླུང་གསུམ་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་དང་གདན་པདྨས་ནི་སྤྱི་བོའི་རྩ་འཁོར། ཉི་མས་ནི་ལྟེ་བའི་རྩ་འཁོར་འོག་གི་དམར་ཆ། ཟླ་བས་ནི། སྤྱི་བོའི་རྩ་འཁོར་སྟེང་ཁུ་བ། བདེ་དྲོད་འབར་འཛག་གི་དགའ་བཞི་ལུགས་འབྱུང་ལྡོག་ལས་ཆ་བཅུ་དྲུག་པ་རྫོགས་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐུ་དང་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཟུང་དུ་འཇུག་པའི་གཞི་འདིང་ངོ་། །དེ་ནས་བརྟེན་པ་ལྷ་བསྐྱེད་པ་ནི། ཉི་ཟླ་ཁ་སྦྱོར་གྱི་བར་དུ་ནམ་མཁར་གནས་པའི་རྒྱུ་ཡི་ཏཱྃ་ཡིག་ཞུགས་ཟླ་ཉི་ས་བོན་དང་བཅས་པ་ཁ་སྦྱོར་ཞིང་བདེ་ཆེན་གྱི་ངོ་བོར་གཅིག་ཏུ་འདྲེས་པ་ལས་འོད་ཟེར་ནམ་མཁའ་གང་བ་འཕྲོས་པས་འཕགས་པ་རྣམས་མཆོད། ཉན་ཐོས་རྣམས་འགོག་པ་ལས་སད་པར་བྱས། ལམ་ལ་གནས་པ་རྣམས་མི་སློབ་པའི་ས་ལ་བཀོད་ནས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་འོད་ཟེར་དང་གཅིག་ཏུ་འདྲེས་འཁོར་འདས་ཀྱི་དྭངས་བཅུད་སྲིད་ཞིའི་དཔལ་ཡོན་ཐམས་ཅད་གཅིག་ཏུ་བསྡུས་པ་འོད་ཟེར་གྱི་གོང་བུ་ལ་བསྟིམ། དེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་སྐུ་ཡོངས་སུ་རྫོགས་པ་སྟེ། འདིས་མངལ་དུ་དཀར་དམར་འཚོགས་པ་ལ་བར་དོའི་ཤེས་པ་ཞུགས་པ། ཕ་མའི་འདུ་འཕྲོད་ཀྱིས་འགྱུར་བའི་གནས་སྐབས་ཉམས་སུ་མྱོང་ནས་ཁུ་རྡུལ་སེམས་གསུམ་འདྲེས་པ། འོད་ཟེར་སྤྲོ་བསྡུ་ནི་མངལ་གྱི་ལུས་དེ་ཉིད་འབྱུང་བ་བཞིའི་བྱེད་ལས་ངང་རླུང་བཅུས་ཕུང་ཁམས་སྐྱེ་མཆེད་རིམ་བཞིན་དུ་གྲུབ་པ་དང་། སྐུ་རྫོགས་པ་ནི། མངལ་གྱི་སེམས་ཅན་དེ་ལུས་རྫོགས་ནས་བཙས་པ་རྣམས་སྦྱོང་། འབྲས་དུས་སངས་རྒྱས་རྣམས་གང་འདུལ་གྱི་གཟུགས་སུ་བཞེངས་པ་དང་ལྷུམས་ཞུགས་བལྟམས་པ་སོགས་ཀྱི་མཛད་པ་སྟོན་པའི་རྟེན་འབྲེལ་བསྒྲིག། རྫོགས་རིམ་གྱི་ཚེ་ཉི་ཟླ་ཁ་སྦྱོར་ནི་གོང་དུ་བཤད་པ་ལྟར་རམ། ཡང་ན་དབུ་མའི་རྩ་འཁོར་གྱི་མདུད་པའི་གནས་རྣམས་སུ་བདེ་དྲོད་ཞལ་སྦྱོར་བ། ས་བོན་ནི་རླུང་སེམས་དྷཱུ་ཏིར་ཞུགས་གནས་ཐིམ་པ། སྤྲོ་བསྡུས་ཡོངས་སུ་གྱུར་པ་ནི་ཞུ་བདེ་ལས་བྱུང་བའི་བདེ་སྟོང་། སྐུ་ཡོངས་སུ་རྫོགས་པ་ནི། དེ་ལས་རང་བཞིན་ལྷན་སྐྱེས་ཀྱི་བདེ་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་མཆོག་འགྲུབ་པའི་གཞི་འདིང་བའོ། །དེ་ཡང་ངོ་བོ་འཕགས་བཞིའི་བསྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་ཡེ་ཤེས་རྣམ་པ་ཐམས་ཅད་པ་སྒྱུ་མ་ལྟ་བུའི་ཆོ་འཕྲུལ་དུ་ཤར་བ་ལས་དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་མཆོག་ཕྲིན་ལས་ཀྱི་རང་གཟུགས་རྗེ་བཙུན་འཕགས་མ་ཡིད་བཞིན་འཁོར་ལོ་ཟླ་བ་ཆུ་ཤེས་གྱི་མདོག་ཅན་དཀར་ཞིང་གསལ་ལ་དྲི་མ་མེད་པ་ཞལ་གཅིག་ཕྱག་གཉིས་མ་ཤིན་ཏུ་མཉེན་ཞིང་དྲང་བའི་ཕྱག་པ་ལཱ་ཤ་ལྟར་འཇམ་པ་ཉིད་ཀྱིས་གཡས་མཆོག་སྦྱིན། གཡོན་ནུ་མ་གཡོན་པའི་ཐད་སྐྱབས་སྦྱིན་ཕྱག་རྒྱ་མཐེབ་སྲིན་སྦྱར་བའི་བར་ནས་ཨུཏྤལ་དཀར་པོའི་ལྕུགས་ཕྲན་གསར་པའི་སྡོང་བུ་གྱེས་པའི་སྙན་གྱི་ཐད་ཀར་དབུས་ཀྱི་མེ་ཏོག་ཁ་བྱེ་བའི་སྟེང་ནོར་བུ་ཆུ་ཤེལ་ལས་གྲུབ་པའི་ཚེ་བུམ་དཔག་བསམ་ཤིང་གི་འབྲས་བུས་ཁ་རྒྱན་ཅན། གཡས་ཀྱི་མེ་ཏོག་འབྲས་བུ། གཡོན་གོང་བུའི་ཚུལ་དུ་གནས་པ་ཞི་ཞིང་འཛུམ་ལ་ཤིན་ཏུ་མཛེས་པ། སྐུ་མཉེན་ལྕུགས་དང་ལྡན་པ། སྐུ་རྐེད་ཕྲ་བ་ནུ་འབུར་མཐོ་ཞིང་མཛེས་པ། གསང་བའི་ཆུ་སྐྱེས་བལྟར་མི་མངོན་པ། དབུ་སྐྲ་ཕྱེད་ཐོར་ཅོག་ཏུ་བཅིང་བའི་རྩེར་ནོར་བུའི་ཏོག་གིས་མཛེས་པ། ལྷག་མ་སྙན་གོང་གཡས་གཡོན་ནས་སིལ་བུར་གྲོལ་ཞིང་དབུ་སྐྲ་ཤིན་ཏུ་གནག་པ་བུང་བའི་མདོག་ཅན། སྤྱན་དཀྱུས་རིང་ཞིང་མཛེས་པ། སྨིན་མའི་གཟེངས་མཐོ་བ། ཤངས་དང་། མཆུ་སྒྲོས་གཙང་ཞིང་མཛེས་པ། རྐེད་སྐབས་ཕྱེད་ཅིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གི་སྐུ་དྲང་པོར་བཞུགས་པ། དར་ཁ་དོག་སྣ་ཚོགས་པ་དཔའ་བོའི་གཞུ་ལྟ་བུའི་སྨད་དཀྲིས་དང་། མཐིང་ཤུན་གྱི་མདོག་ལྟ་བུའི་འོག་པགས། དར་དམར་གྱི་ཤམ་ཐབས། དར་སྔོན་པོའི་སྟོད་གཡོགས་དང་། རིན་པོ་ཆེའི་རྩེ་ཕྲན་ཅན་གྱི་དབུ་རྒྱན། རིན་པོ་ཆེ་སྣ་ཚོགས་པའི་སྙན་ཆ། མགུལ་ཆུ། དཔུང་རྒྱན། ཕྱག་ཞབས་ཀྱི་གདུ་བུ། སྐ་རགས་དང་། ནུ་མ་ཡན་འཁོར་བའི་སེ་མོ་དོ། ལྟེ་འོག་ཡན་འཁོར་བ་དོ་ཤལ་རྣམས་ཀྱིས་བརྒྱན་པ། ཕྱག་ཞབས་ཀྱི་མཐིལ་རྣམས་ལ་སྤྱན་རེ་རེ་དང་། ཞལ་གྱི་སྤྱན་གཡས་གཡོན་དབུས་གསུམ་སྟེ་སྤྱན་བདུན་གྱིས་མཛེས་པར་བཀྲ་བ། རང་གི་འོད་ལས་སྐྱེས་པའི་ཡབ་པདྨ་གར་དབང་ཐབས་ཀྱི་སྣང་ཆ་ཡིན་པས་སྐུ་མདོག་དཀར་པོ་ལ་དམར་མདངས་ཆགས་ཉམས་ཤིན་ཏུ་ཆེ་བ་ཞི་ཞིང་འཛུམ་པའི་ཉམས་ཅན་གཡས་པདྨ་དམར་པོ་དང་། གཡོན་ཚེ་བུམ་བསྣམས་པ་དར་དང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་ཤིང་པདྨའི་སྐྱིལ་ཀྲུང་གིས་འཁྱུད་ཅིང་ཐབས་ཤེས་ཟུང་འཇུག་བདེ་སྟོང་ཆེན་པོས་མཉམ་པར་སྦྱོར་བ་ཡེ་ཤེས་ཀྱི་སྣང་བ་མུ་མེད་པ་འཕྲོ་བའི་ཀློང་ན་བཞུགས་པའི་སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་བོ་འདབ་མ་བརྒྱད་པ་ལ་གནས་པའི་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ་སྟེ་རྣམ་སྣང་། སྣང་མཐའ། མི་བསྐྱོད་པའི་རང་བཞིན་ཅན་གྱི་ཡིག་འབྲུས་མཚན་པ་བསྒོམ་མོ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ནི། གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་ཉི་མ་བྱེ་བའི་གཟི་བརྗིད་ལྕགས་ཀྱུ་ལྟར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿསོགས་ཀྱིས་དགུག་གཞུག་བཅིང་མཉེས་པས་དགྱེས་པ་བསྐྱེད་ཅིང་བརྟན་པར་བཞུགས་སུ་གསོལ། ཞར་བྱུང་ཕྱག་མཆོད་བསྟོད་པ་མདོར་བསྡུས་བྱས་ན། ཨ་ལ་ལ་ཧོཿཞེས་གཙོ་མོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ངོ་མཚར་ཞིང་ཆེད་དུ་བརྗོད་པའི་གླུ་སྔོན་དུ་འགྲོ་བས་དམ་ཡེ་དབྱེར་མེད་པའི་ལྷ་རང་སེམས་གཉུག་མའི་རྩལ་དུ་ཤེས་པས་བརྡ་ཕྱག་འཚལ་བ་དང་། ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་ཕྱི་མཆོད་ཉེར་སྤྱོད། ནང་མཆོད་འདོད་ཡོན་ལྔ་ཐོགས་པ་དང་། གསང་མཆོད་སྨན་གྱི་སྤྲིན་ཕུང་ལས་འདོད་ཡོན་གྱི་ལྷ་མོ་འཕྲོ་བ་དང་། ཁམས་གསུམ་གདུག་པ་ཅན་རྣམས་བསྒྲལ་བའི་རཀྟའི་ལྦུ་ཕྲེང་ལས་ལྷ་མོ་དམར་མོ་དང་། སྣོད་བཅུད་ཐམས་ཅད་གཏོར་མར་སྦྱོར་བའི་དམ་རྫས་གཏོར་ཆེན་ལས་ཀྱང་འདོད་ཡོན་གྱི་རྣམ་པ་དཔག་མེད་འཕྲོ་བས་ཟག་མེད་ཀྱི་དབང་པོར་ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་དགྱེས་རྒུར་རོལ་པས་ཡུལ་དང་ཡུལ་ཅན་དབྱེར་མེད་པ་ཡེ་ཤེས་ཀྱི་རོས་ཚིམ་པ་ལས་ཚོགས་ཆེན་རྫོགས་ཤིང་། མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་རང་བཞིན་གདོད་ནས་རྣམ་པར་དག་པའི་དབྱིངས་ལས་མི་འདའ་བའི་དེ་ཁོ་ན་ཉིད་ཀྱི་མཆོད་པར་འགག་བསྡོམ་པ་དང་། རང་ལས་སྤྲུལ་པའི་རྡོ་རྗེའི་ལྷ་མོ་རྣམས་ཀྱིས་གཙོ་མོའི་ཡོན་ཏན་རྗེས་སུ་དྲན་པས་བདེ་བའི་གར་བསྒྱུར་ཞིང་སྙན་པའི་གླུ་དབྱངས་ཀྱིས་བསྟོད་པའི་མཐར་ལྷ་མོ་རྣམས་རང་ལ་བསྡུའོ། །གསུམ་པ་ལྷ་སྐུའི་གསལ་སྣང་ལ་སེམས་བཟུང་བ་ནི་དམ་ཚིག་ཡེ་ཤེས་དབྱེར་མེད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་རྣམ་པ་སྤྱི་ལ་སེམས་བཟུང་བ་ནི་རང་ཉིད་གཙོ་མོ་ཡབ་ཡུམ་སྐུ་ཞལ་ཕྱག་ཡོངས་རྫོགས་ངོ་བོ་སྟོང་པ། རང་བཞིན་བདེ་བ། རྣམ་པ་གསལ་བ་ཅན་སྣང་སྟོང་ཟུང་འཇུག་དྭངས་པའི་ཆུ་ཟླ་ལྟར་སྒྲིབ་མེད་འོད་ཀྱི་རྣམ་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་ཡིད་ངོར་ཝལ་གྱིས་དྲན་པར་བྱ། མི་གསལ་ན་དམ་ཚིག་གི་བྲིས་སྐུར་ཡིད་མིག་རྩེ་གཅིག་ཏུ་གཏད། དེ་མ་ཐག་རང་ལུས་རྣམ་པ་དེ་ལྟར་དྲན་པར་བྱ། ཐུན་ཆུང་ལ་གྲངས་མང་བས་ཡང་ཡང་བསྒོམ་པར་བྱས་ན་ཡུན་ཇེ་རིང་ཇེ་གསལ་ལ་འགྲོ། དེ་ཡང་བྲིས་སྐུ་ལྟ་བུ་ལེབ་ལེབ། འབུར་སྐུ་འདྲ་བའི་རྡོག་པོ་ཅན་དུ་བསྒོམ་པར་མི་བྱ་ཆོས་སྐུའི་སྙིང་པོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་རོལ་རྩལ། ལྷ་དང་བདག་རྟོག་དབྱེར་མེད་པ་ལ་ནན་ཏན་བྱས་ན་བསྐྱེད་རྫོགས་ཟུང་འཇུག་ཏུ་འགྲོ་བ་ཡིན། སེམས་འཛིན་འདི་ཁོ་ན་གལ་ཆེ་སྟེ་དཔེར་ན་སྔར་འདྲིས་ཀྱི་མི་ཞིག་གི་མིང་བརྗོད་པ་དང་། དེའི་ལུས་དང་བྱད་དབྱིབས་ལམ་གྱིས་གསལ་བ་བཞིན། ལྷ་སྐུ་ཡང་དེ་བཞིན་དྲན་པར་བྱ་དགོས། དེ་ཡང་མཚན་མོ་སོགས་རླུང་རིག་དྭངས་པའི་སྐབས་རྣམས་ལ་བསྒོམ་པ་གནད། དེ་ནས་རྣམ་པ་བྱེ་བྲག་ལ་སྤྱན་དབུས་མའམ། གཙུག་ཏོར་ནོར་བུའི་རྩེ་མོ་ནས་གདན་པད་ཟླ་ཡན་སྐུ་རྒྱན་མེད་དང་། རྒྱན་ཅན་ལ་རེ་རེ་བཞིན་སེམས་འཛིན་སོ་སོར་གསལ་སྣང་སྐྱེས་པ་དང་། ཐམས་ཅད་དུས་གཅིག་ཏུ་དྭངས་གསལ་གཡོ་མེད་དུ་སེམས་བཟུང་། གང་ལྟར་ཡང་སེམས་གྲིམ་ལྷོད་སྙོམས་པར་རྩེ་གཅིག་ཏུ་གཏད། ཤེས་པ་ཁོངས་ལྷོད། གསལ་སྣང་གི་འཛིན་སྟངས་ཤོར་ན་སྒྲིམ། རྣམ་རྟོག་འཚུབས་ནས་མི་གསལ་ན་ཀློད། རྟོག་པ་ཧ་ཅང་རྒོད་ན་འཕྲོ་བཅད། བཟླས་པ་སོགས་བྱ། བྱིང་རྒོད་ཀྱི་སྐྱོན་བསལ་ཏེ་བསྒོམ། སྐབས་རེར། ང་ཡི་སྒོ་གསུམ་པོ་ཐ་མལ་པ་ནམ་ཡང་མ་ཡིན་འབྲས་དུས་ཀྱི་བཅོམ་ལྡན་འདས་མ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་དངོས་ཡིན་སྙམ་པས་སྐུ་ཡི་གསལ་སྣང་འདོན་པ་དེ་དང་དེར་དངོས་ཡིན་པར་བསམ་ནས་སེམས་བཟུང་བས་གོམས་པ་ན་རང་ལྷ་དེར་དངོས་སུ་སོང་བའི་འདུ་ཤེས་རྒྱུན་ཆགས་པ་འོང་། དག་པ་དྲན་པ་ནི་ལྷ་སྐུའི་རྣམ་པ་འདི་ལས་ཉོན་གྱི་འཕེན་པའི་ལུས་རགས་པར་གྲུབ་པ་ལྟ་བུ་མ་ཡིན་གྱི་འབྲས་བུ་མཐར་ཕྱིན་པའི་ལྷ་སོ་སོའི་གསང་གསུམ་ཡོན་ཏན་གདུལ་བྱའི་སྣང་ངོར་མཚོན་པ་བརྡ་རྟགས་ཀྱི་སྐུར་ཤར་བ་སྟེ། དེ་ཡང་གཞིའི་གནས་ལུགས་ཡེ་ནས་རང་བཞིན་གྱི་རྣམ་པར་དག་པ་འབྲས་ཆོས་ཀྱི་སྐུ་དང་ཡེ་ཤེས་རྣམས་དང་དབྱེར་མི་ཕྱེད་པའི་རང་བཞིན་ཕྱིར་གསལ་བ་ལམ་དུས་སུ་བསྒོམ་པ་ལས་གཞན་དུ་མི་དམིགས་པས་སྲོག་བཟུང་བ་ནི་རང་རིག་པའི་དག་པ་དང་། དེའི་བྱིན་རླབས་ཀྱིས་སྣང་སྲིད་ལྷའི་འཁོར་ལོར་ཤར་བ་ནི་ཆོས་ཅན་ལྷ་སོ་སོའི་དག་པ་དང་། སྐྱེ་འགགས་གནས་གསུམ་དང་བྲལ་བའི་བརྗོད་བྲལ་གྱི་ལྟ་བས་རྒྱས་འདེབས་ཏེ་སྣང་སྟོང་ཟུང་འཇུག་ཏུ་བསྒོམ་པ་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དག་པ་སྟེ་དེ་གསུམ་དང་ལྡན་པས་རྣམ་པ་གསལ་བ་དང་། ང་རྒྱལ་དྲན་པ་གཉིས་དང་སྦྲེལ་ནས་ཉམས་སུ་བླངས། དག་པ་སོ་སོར་དྲན་ན་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་ཐབས་ཤེས་མཚོན་པའི་ཕྱག་གཉིས་དང་། སྲིད་ཞིའི་མཐའ་དགག་པའི་རྡོ་རྗེའི་སྐྱིལ་ཀྲུང་། སྣང་སྟོང་མཚོན་པར་བྱེད་པའི་ཡབ་ཡུམ་མཉམ་པར་སྦྱོར་བ། མ་ཆགས་པདྨའི་རིགས་ལས་འཇིག་རྟེན་དབང་ཕྱུག་གི་ཞལ་གྱི་ཆུ་སྐྱེས་ལས་འཁྲུངས་ཤིང་སྙིང་རྗེ་ཆེན་པོས་ཡོངས་སུ་གང་བའི་བརྡར་སྐུ་མདོག་ཟླ་བའི་མདངས་ལྡན། འགྲོ་ལ་བརྩེ་བས་ཞི་འཛུམ་ཆགས་ཉམས་ཅན། ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྦྱིན་པའི་བརྡར་གཡས་མཆོག་སྦྱིན། འགྲོ་ལ་མི་འཇིགས་སྦྱིན་པ་དང་། རྒྱལ་བ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཕྱིན་མ་ཟབ་ཞི་སྤྲོས་བྲལ་ཐུགས་ཀྱི་གསང་བའོ་ཞེས་པའི་བརྡར་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང་ཕྲིན་ལས་ཐོགས་པ་མེད་པས་ཨུཏྤལ་དཀར་པོའི་ཡུ་བ་ནས་འཛིན་པ་ཐུགས་ཀར་གཏོད་ཅིང་། མེ་ཏོག་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་དུས་མིན་གྱི་འཆི་བའི་འཇིགས་པ་བཅོམ་པའི་མཚོན་བྱེད་ཚེ་བུམ་འཛིན་པ། དགེ་བའི་ཆོས་ཡོངས་སུ་རྫོགས་ཤིང་གཞན་རྗེས་སུ་འཛིན་པས་དབུ་སྐྲ་ཐོར་ཚུགས་སུ་བཅིངས་ཤིང་ལྷག་མ་ཐུར་དུ་གྲོལ་བ། ཉོན་མོངས་པའི་གདུང་བ་ལས་གྲོལ་བའི་རྟགས་དར་གྱི་སྟོད་གཡོགས་སྨད་དཀྲིས། འདོད་ཡོན་མ་སྤངས་རྒྱན་དུ་རོལ་ཞིང་བྱང་ཆུབ་ཀྱི་ཡན་ལག་བདུན་མཚོན་བྱེད་དར་དང་རིན་པོ་ཆེའི་རྒྱན། ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་ཡེ་ཤེས་ཀྱི་སྣང་ཆ་རང་འོད་ཀྱི་ཡབ་པདྨ་གར་དབང་གིས་འཁྲིལ་བ། གཞལ་ཡས་ཁང་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་བརྡ་དོན་རྟགས་ཀྱི་རང་བཞིན་དུ་ཤར་བ། མཚན་རྟོག་གིས་མི་ཕྱེད་པའི་རྡོ་རྗེའི་ར་བ། རྣམ་རྟོག་གི་བག་ཆགས་གཞོམ་ཕྱིར་མེ་དཔུང་གིས་བསྐོར་བ་སོགས་སོ་སོ་ནས་དག་པ་དྲན་པས་ཐ་མལ་གྱི་ཞེན་པ་བཟློག་ཅིང་གཞི་འབྲས་སྦྲེལ་བའི་དག་པ་དྲན་པ་ལ་བསླབ་པས་བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུར་འགྲོ་བ་ཡིན་ནོ། །དེ་ལྟར་གསལ་བརྟན་དག་གསུམ་གྱི་ནང་ནས་རིམ་བཞིན་གཞལ་ཡས་ཁང་རྡོ་རྭ་མེ་རིའི་བར་དང་། ཕྱི་ནས་ནང་དུ་གཙོ་མོའི་བར་གསལ་བཏབ་ཅིང་ཚད་དུ་ཕྱིན་པར་བྱ་དགོས་སོ། །དེ་ལྟར་ལྷ་བསྐྱེད་པའི་རིམ་པ་བསྒོམ་པས་གཞི་དུས་སུ་བྱིས་པ་བཙས་པ། ནར་སོན་ནས་འདོད་པའི་ཚོར་བས་གདུངས་ཏེ་དེ་དོན་དུ་གཉེར་བ། ཆུང་མ་ལེན་པ། སྒོ་གསུམ་གྱི་ནུས་པ་རིམ་གྱིས་འཕེལ་བ། རང་རིགས་ཀྱི་བྱ་བ་ལ་དབང་བསྒྱུར་བ་རྣམས་སྦྱོང་། སྦྱངས་འབྲས་སངས་རྒྱས་སྤྲུལ་སྐུ་བལྟམས་པ། བྱང་ཆུབ་དོན་དུ་གཉེར་བས་རབ་ཏུ་བྱུང་ནས་དཀའ་ཐུབ་མཛད་པ། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ། བདུད་བཏུལ་ཏེ་བསམ་གཏན་བསྐྱེད་པ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངའ་བརྙེས་པ་རྣམས་དང་། ལམ་གོང་མའི་ཚེ། བདེ་སྟོང་ཡེ་ཤེས་ཀྱི་ལྷ་སྐུར་སྒྲུབ་ཕྱིར། བདེ་རླུང་སེམས་ལས་ལྷ་སྐུར་ལྡང་བ། མཆོག་གི་དངོས་གྲུབ་ཐོབ་ཕྱིར་ལས་རྒྱ་ཡེ་རྒྱ་གང་རུང་དང་མི་འབྲལ་བ། དེ་ལས་རང་བྱུང་གི་ཡེ་ཤེས་ལ་རིམ་གྱིས་གོམས་ནས་དེས་མཆོག་གི་དངོས་གྲུབ་ལ་མྱུར་དུ་སྦྱོར་བའི་གཞི་འདིང་བས་སྨིན་བྱེད་དུ་འགྲོ། གནས་གསུམ་བྱིན་གྱིས་བརླབ་པས་སྦྱང་བྱ་ལུས་ངག་ཡིད་གསུམ། སྦྱོང་བྱེད་རྡོ་རྗེ་གསུམ། སྦྱངས་འབྲས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་འགྲུབ། ཡེ་ཤེས་པ་སྤྱན་དྲངས་བཞུགས་གསོལ་གྱིས། སྦྱང་བྱ་བྱིས་པ་དེ་དང་རིས་མཐུན་གྱི་འགྲོ་བ་རྣམས་དང་བློ་གྲོས་ནུས་པ་མཉམ་པར་གྱུར་པའི་བག་ཆགས་དང་། སྦྱོང་བྱེད་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་གི་འཁོར་ལོར་བསྟིམ་པ། སྦྱངས་འབྲས་དེ་བཞིན་གཤེགས་པ་ཐམས་ཅད་དང་དགོངས་པ་རོ་གཅིག་ཏུ་གྱུར་པའོ། །ཕྱག་མཆོད་སོགས་ལས་རིམ་གྱིས། སྦྱང་བྱ་བྱིས་པ་དེ་འདོད་ཡོན་ལ་སྤྱོད་ཅིང་འཇིག་རྟེན་གྱི་ཆོས་སྒྲུབ་པ་རྣམས་ཀྱི་བག་ཆགས་དང་། སྦྱོང་བྱེད་དབྱིངས་ཡེ་གཉིས་སུ་མེད་པར་ཤེས་པའི་ངང་ནས་ཕྱག་འཚལ་བ། ཕྱི་ནང་གསང་བའི་མཆོད་པ། གསང་གསུམ་ཡོན་ཏན་རྗེས་དྲན་གྱི་བསྟོད་པ་རྣམས་ཀྱིས། སྦྱངས་འབྲས་རང་ཉིད་སངས་རྒྱས་པའི་ཚེ་འབད་བརྩོན་མེད་པར་མཆོད་པའི་རྣམ་པ་མཐའ་ཡས་པ་འབྱུང་བ་དང་འཁོར་འདས་ཐམས་ཅད་ཀྱི་བཀུར་བའི་འོས་སུ་གྱུར་པའི་རྟེན་འབྲེལ་བསྒྲིག་པའོ། །དེ་རྣམས་ཀྱང་སྒྲོལ་མའི་ཟབ་ཏིག་ལས། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད༔ རྣམ་པ་གསལ་ཞིང་ང་རྒྱལ་བརྟན༔ རྣམ་དག་དྲན་པས་གསལ་སྣང་བསྒྲུབ༔ ཐ་མལ་སྣང་ཞེན་འགོག་ནུས་པའི༔ གསལ་བ་རབ་ཀྱི་མཐར་སོན་པས༔ ཞེས་འབྱུང་བ་དང་མཐུན་པའོ། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་ཁྲིད་ནི། དེ་ལྟ་བུའི་སྒོམ་པས་དུབ་ན། བོགས་འབྱིན་པའི་སླད་དུ་བཟླས་བརྗོད་ཀྱི་བསམ་གཏན་ལ་བསླབ་པ་ནི། རང་ཉིད་འཕགས་མའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་ཚེ་དཔག་མེད༔ དཀར་གསལ་སོགས་བཟླས་དམིགས་ནས་འབྱུང་བ་ལྟར། དེའི་ཐུགས་དབུས་པདྨ་དཀར་པོ་འདབ་མ་བཞི་པའི་ཟེའུ་འབྲུར་འོག་ཉི་མ། སྟེང་ཟླ་བའི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཏཱྃ་དཀར་པོ་གསལ་ཞིང་འཚེར་བའི་མཐར་ཡི་གེ་བཅུ་པ་དང་དྲིལ་སྒྲུབ་ཡེ་སེམས། སྤྲུལ་པའི་སྔགས་བཅས་ཀྱི་ཕྲེང་བ་མཐུད་ནས་གཡས་བསྐོར་དུ་བཀོད་ཅིང་དེ་ལ་སེམས་བཟུང་། སེམས་ཟིན་པ་ན་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་གྱི་སྣང་བ་མཐའ་ཡས་པ་འཕྲོས། གཙུག་ཏོར་ནོར་བུའི་རྩེ་མོ་ནས་ཐོན་ཏེ་འཕགས་མ་རྣམ་པར་རྒྱལ་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་སྐྱབས་སྦྱིན་པུས་མོ་གཡས་པའི་སྟེང་དུ་བརྐྱངས་ཏེ་སྡིགས་མཛུབ་ཀྱིས་ལྕགས་ཀྱུ་འགུགས་ཐབས་སུ་བསྣམས་པ། གཡོན་པས་ཐུགས་ཀའི་ཐད་དུ་མཆོག་སྦྱིན་གྱི་ཕྱག་རྒྱས་ཚེ་ཡི་བུམ་པ་བདུད་རྩིའི་རྒྱུན་འབེབས་བཞིན་པ་བསྣམས་པ་ཞབས་སེམས་མའི་སྐྱིལ་ཀྲུང་ཅན་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས་པས་རྩ་གསུམ་རྒྱལ་བ་རབ་འབྱམས་རྡོ་རྗེའི་ཆོས་སྲུང་ནོར་ལྷ་དང་བཅས་པའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་འཁོར་འདས་བརྟན་གཡོའི་དྭངས་བཅུད་མ་ལུས་པ་བདུད་རྩི་འོད་ཟེར་གྲུབ་པའི་དངུལ་ཆུའི་རྣམ་པར་བསྡུས་ཏེ་རང་གི་སྒོ་གསུམ་གྱི་དྭངས་མའི་ཐིག་ལེར་ཐིམ་པས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་ཅིང་འཆི་མེད་རྡོ་རྗེའི་སྲོག་འགྲུབ་པར་མོས་ལ་བཟླ། གྲུབ་པའི་དངུལ་ཆུ་ནི་བཅུད་ལེན་གྱི་རྫས་གྲུབ་པ་སྟེ་སྟོན་ཟླ་ལྟར་དཀར་བ། ཉི་མ་ལྟ་བུའི་འོད་ཟེར་ཅན། གཡས་བསྐོར་དུ་འཁྱིལ་ཞིང་གྲུབ་པའི་རྟགས་གཡུང་དྲུང་དང་དགའ་བ་འཁྱིལ་པ་སོགས་བཀྲ་ཤིས་པའི་རི་མོ་སྣ་ཚོགས་པ་བཀྲ་བ། ནུས་པས་གང་ལ་རེག་པ་ཙམ་གྱིས་གླང་པོ་ཆེའི་སྟོབས། ཉི་ཟླའི་ཚེ། རྡོ་རྗེའི་ལུས། བཅུ་དྲུག་གི་ལང་ཚོ་ཅན་དུ་བསྒྱུར་ནུས་ཤིང་ལྕགས་ལ་རེག་པ་ཙམ་གྱིས་གསེར་དུ་འགྱུར་བ། ཤིང་སྐམ་ལ་གཏོར་བ་ཙམ་གྱིས་ལོ་འབྲས་མེ་ཏོག་ཕུན་སུམ་ཚོགས་པ་སྐད་ཅིག་གིས་འབྱུང་བ་ཞིག་སྟེ། དེ་ལྟ་བུའི་རྣམ་པ་བདེ་བ་ཆེན་པོའི་གཟི་བྱིན་འབར་བར་བསྒོམ་དགོས་གསུངས། སྤྱིར་སྔགས་ཕྲེང་འཁོར་ལུགས། བསྙེན་པ་ལ་བཀོད་པ། ཉེ་བསྙེན་ལ་འཁོར་བ། སྒྲུབ་པ་ལ་དོ་ལི། སྒྲུབ་ཆེན་ལ་སྤྲོ་བསྡུ་གཙོ་བོར་གསུངས་ཀྱང་དཀྱུས་ཙམ་ལ་བཀོད་པའི་དམིགས་པ་ཁོ་ནས་འཐུས། བཀོད་དམིགས་གསལ་ཐེབས་ནས་འཁོར་བའི་དམིགས་པ་གསལ་བཏབ་ཀྱང་རུང་བས་དེའི་ཚེ་སྔགས་ཕྲེང་བར་མ་ཆད་པ་གཡས་བསྐོར་དུ་རང་སྒྲ་དང་བཅས་པས་མྱུར་བར་འཁོར་བ་ལས་སྔགས་ཀྱི་འོད་ཟེར་དཔག་ཏུ་མེད་པ་སྤྲོ་བ་སོགས་གོང་ལྟར། བཟླ་བྱའི་སྔགས་བསྙེན་སྒྲུབ་སྔོན་དུ་མ་ཐེམ་ན་གཙོ་བོ་ཡིག་བཅུ་དང་། ཐེམ་ན་དྲིལ་སྒྲུབ་ཀྱི་སྔགས་གཙོ་བོ་བཟླ་དགོས། ཡེ་སེམས་དང་སྤྲུལ་པའི་སྔགས་ཀྱང་ཅུང་ཟད་རེ་བཟླ། རྒྱུན་ཁྱེར་འདི་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་ཡིན་པས། སྐབས་རེར། སྔགས་ཕྲེང་ལས་འོད་ཟེར་འཕྲོས་བདེ་ཆེན་ཡེ་ཤེས་ཀྱི་གཟི་བརྗིད་འབར། ཁམས་གསུམ་བརྟན་གཡོ་ཐམས་ཅད་ལྷ་སྔགས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་འཁོར་ལོར་རྫོགས་པའི་མོས་པ་དང་། ཡང་ཐུགས་སྲོག་ཏཱྃ་ལས་སྔགས་ཕྲེང་བར་མ་ཆད་པ་བྱུང་། ཡེ་ཤེས་སེམས་དཔའི་ཞལ་ནས་གཙོ་མོའི་ཞལ་དུ་བརྒྱུད། ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་གསང་བའི་རྡོ་རྗེ་ནས་ཡུམ་གྱི་མཁར་སོང་ཐུགས་སྲོག་ལ་ཐིམ། དེ་ལྟར་མགལ་མེའི་འཁོར་ལོ་ལྟར་འཁོར་བས་ཡབ་ཡུམ་གྱི་ཐུགས་རྒྱུད་ལ་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས། མཆོག་ཏུ་མི་འགྱུར་བ་འཆི་མེད་རང་བྱུང་རྟག་པ་དམ་པའི་དངོས་གྲུབ་འགྲུབ་པར་བསམ་ལ་དྲིལ་སྔགས་བཟླ་བ་ནི་སྒྲུབ་པའི་དམིགས་པ་དང་། ཡང་ཐུགས་ཀའི་འོད་ཟེར་ལས་ལས་བཞིའི་ཁ་དོག་དང་མཐུན་པའི་འོད་ཟེར་ནམ་མཁའ་གང་བ་ཕོ་ཉ་ལྟ་བུ་འཕྲོས། ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པར་མོས་ལ་དྲིལ་སྔགས་བཟླའོ། །དེ་ཡང་བཟླས་པའི་སྐབས་ངག་ཚིག་ཐ་མལ་པས་བར་མི་བཅད་པ་དང་། སེམས་རྩེ་གཅིག་པའི་ཏིང་འཛིན་བརྟན་པོས་བཟླ་དགོས། དམིགས་པ་གཅིག་ཁོ་ནས་སྐྱོ་ན། རེས་འགའ་སྐུ་ཡི་གསལ་སྣང་ལ་བློ་བཞག རེས་འགའ་ཚེ་ཐུང་བའི་ལས་བསགས་པའི་སེམས་ཅན་ལ་སྙིང་རྗེ་བསྐྱེད། སྐབས་རེར་སྣང་གྲགས་ཐམས་ཅད་རྗེ་བཙུན་མའི་གསལ་སྣང་བརྟན་པོས་སྔགས་བཟླ། གཙོ་བོར་ལྟ་བའི་ངང་བསྐྱངས་ལྷ་སྔགས་དབྱེར་མེད་དུ་ཤེས་པའི་དད་པ་དང་མོས་གུས་ཐེ་ཚོམ་མེད་པའི་ངང་ནས་བཟླས་ན་མཆོག་ཐུན་གྱི་དངོས་གྲུབ་མྱུར་དུ་འགྲུབ་ལ། སེམས་རྣམ་གཡེང་གིས་ཇི་ཙམ་བཟླས་ཀྱང་ངག་སྒྲིབ་ཅུང་ཟད་སྲབ་པ་ལས་འདོད་དོན་མི་འགྲུབ་སྟེ། ཨོ་རྒྱན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ༔ གཞན་དུ་ཡེངས་པར་གྱུར་ན་ནི༔ བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན༔ ཞེས་གསུངས་པ་ལྟར་ལ། བགྲང་ཕྲེང་མཚན་ཉིད་ལྡན་པར་བྱིན་གྱིས་བརླབས་ཏེ། རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པ་མ་ཡིན་བུལ་པར་མིན། །དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུའི་ཡན་ལག་ཉམས་པར་མིན། །ཡེངས་པར་མ་ཡིན་སྨྲ་བཞིན་མིན། །གླེང་སོགས་བར་དུ་ཆོད་པས་མིན། །ཞེས་པ་ལྟར་སྔགས་ཀྱི་སྐྱོན་རྣམས་སྤངས་ནས་བཟླ། སྐབས་རེར་རླུང་ཁ་སྦྱོར་དུ་བཟུང་སྟེ་སྔགས་ཀྱི་གཟུགས་དང་སྒྲ་དྲན་པར་བྱས་ཏེ་འགོག་བཟླས་དང་། རླུང་འཛིན་པ་ཡང་སྤངས་ཏེ་ཡིད་ཀྱི་སྔགས་གཟུགས་སམ་སྒྲ་ལ་དམིགས་ནས་བཟླས་པ་ཡིད་བཟླས་དག་ཀྱང་བྱ། འདིའི་སྦྱང་བྱ་མ་དག་འཁོར་བའི་གནས་སུ་མིང་ཚིག་ཡི་གེ་ངག་གི་བརྗོད་པ་འཁྲུལ་པའི་སྒྲ་དོན་དེར་འཛིན་བག་ཆགས་དང་བཅས་པ། སྦྱོང་བྱེད་ངག་གི་བཟླས་པ་ཡང་དང་ཡང་དུ་བསྐྱར་ཞིང་བཟླས་པས་འབྱུང་འཇུག་བྱེད་རྩོལ་སྒྲ་དང་བཅས་པ་དག་ནས། སྦྱངས་འབྲས་རང་ཉིད་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་གསུང་རྡོ་རྗེའི་འགྲོ་དོན་མཛད་པའི་གཞི་ཐེངས་པ་ནི་ཐུན་མོང་དང་ཁྱད་པར་སེམས་གྱི་དྲི་མ་སྦྱངས་ཤིང་ངག་གི་ནུས་པ་རྙེད་པ་དང་། ཡེ་ཤེས་ལྷ་ཡི་མཚན་སྔགས་ཀྱིས་ཡང་ཡང་བོས་པས་ཡེ་ཤེས་ཀྱི་ལྷ་དང་ཉེ་བར་འགྱུར་བའི་དགོས་པ་ཡོད་ལ། ལྷ་རྣམས་སྔགས་དེ་ཡི་རྣམ་པར་ཞུགས་པས་ཡིག་འབྲུར་སྒོམ་པ་ཡེ་ཤེས་ཀྱི་རིག་སྔགས་སུ་མོས་པས་བཟླ་བ། ཞེན་པས་ཞུགས་ཤིང་འབྲེལ་བས་མི་བསླུ་བ་དང་། གནས་སྐབས་སུ་ལས་བཞི་སྒྲུབ་ཅིང་ཁྱད་པར་ཚེ་བསོད་ཡེ་ཤེས་རྒྱས་ནས། མཐར་ཐུག་གསུང་རྡོ་རྗེ་ཐོབ་པའི་དངོས་རྒྱུ་ཐུན་མོང་མིན་པའོ། །ཐུན་དེ་ལས་ལྡང་བར་བརྩམ་པ་ན། དབྱངས་གསལ་རྟེན་སྙིང་གིས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་བརྟན་པར་བྱ། མཆོད་བསྟོད་མདོར་བསྡུས་དང་། ཡི་གེ་བརྒྱ་པས་ནོངས་པ་བཤགས། ལྷར་སྣང་འོད་གསལ་དུ་མེ་ལོང་ལ་ཧས་བརྒྱབ་པ་ལྟར་དབྱིངས་སུ་བསྡུ་བའམ། ཡང་ན་གཙོ་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཕོག་པས་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་གཙོ་མོ་ལ། ཡབ་ཡུམ་ལ། དེ་དབུ་ཞབས་ནས་རིམ་པས་འདུས་ཏེ་ཏཱྃ་ལ་ཐིམ། དེ་གྱེན་རྫོགས་ནཱ་དའི་བར་བསྡུས་ནས་ཤིན་ཏུ་ཕྲ་བ་ལ་སེམས་བཟུང་། དེ་ཡང་མི་དམིགས་པ་འོད་གསལ་གྱི་ངང་དུ་བཞག། སླར་ཡང་སྐད་ཅིག་གིས་ཟུང་འཇུག་གི་སྐུར་ལྡང་ལ་འབྲུ་གསུམ་བརྗོད་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་རྒྱས་གདབ། རང་དང་སྣང་བ་ཐམས་ཅད་འཕགས་མའི་སྐུ། གྲགས་པ་གསུང་། དྲན་རྟོག་ཐུགས་ཏེ་ཁྱེར་སོ་གསུམ་དང་མི་འབྲལ་བ་དང་། དགེ་བསྔོ་དང་། ཤིས་བརྗོད་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །འདིའི་སྦྱང་བྱ་བྱིས་པ་ལང་ཚོ་རྫོགས་ནས་འཆི་བ་སླར་ཡང་འབྱུང་བ་སྟེ། རྟེན་དང་བརྟེན་པ་རིམ་གྱིས་སྡུད་པས་ཕྱི་ནང་གི་ཐིམ་རིམ་དང་འཆི་བ་འོད་གསལ་ཆོས་སྐུ་མཚོན། དེ་ལས་ལྷར་ལྡང་བས་བར་སྲིད་དང་རྣམ་པ་མཐུན། སྦྱོང་བྱེད་བསྡུ་ལྡང་གི་རིམ་པས། སྦྱངས་འབྲས་གཟུགས་སྐུའི་སྣང་ཆ་ནི་ཆོས་སྐུའི་ཕྲིན་ལས་དང་། ཆོས་སྐུའི་ཡེ་ཤེས་ཀྱང་དབྱིངས་ཀྱི་ངོ་བོ་ཡིན་པས་དེར་ཐིམ་པ་དང་། དེ་ལས་ཕྱིར་གསལ་གཟུགས་སྐུའི་སྣང་བ་རྒྱུན་མི་ཆད་པས་འགྲོ་བའི་དོན་བྱེད་པའོ། །གསུམ་པ་ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་ཁྲིད་རིམ་མདོ་ཙམ་སྨོས་པ་ནི། གོང་དུ་བསྐྱེད་རིམ་འོད་གསལ་དུ་བསྡུ་བ་དང་། སླར་ལྡང་བས་རྟག་ཆད་ཀྱི་མཐའ་བསལ་ཞིང་དེའི་ངང་ནས་རྫོགས་རིམ་མཚན་མེད་ཀྱི་རྣལ་འབྱོར་མདོར་བསྡུ་ན། སྒྲོལ་མའི་ཟབ་ཏིག་ལས། རང་བྱུང་རིག་པ་སྐད་ཅིག་མ༔ བསམ་གྱིས་མི་ཁྱབ་དབྱིངས་སུ་བསྐྱལ༔ མཚོན་བྱེད་དཔེ་ཡི་ཡེ་ཤེས་ལས༔ དོན་གྱི་ལྷན་སྐྱེས་མངོན་དུ་འགྱུར༔ འགྱུར་མེད་དྭངས་མ་གསུམ་ལྡན་གྱི༔ རྡོ་རྗེ་སྒྲོལ་མ་ཚེ་འདིར་འགྲུབ༔ ཅེས་རྡོ་རྗེའི་ཚིག་གིས་བསྟན་པ་དང་རྗེས་སུ་མཐུན་པར་སེམས་གྱི་རང་བཞིན་གཉུག་མ་དེ་ཉིད་དངོས་པོ་དང་མཚན་མར་མ་གྲུབ་པས་རྟག་པ་རང་རྒྱུད་དུ་མེད། མེད་པ་མ་ཡིན་ཏེ་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་འཆར་བའི་གཞི་མ་འགགས་པ་གསལ་རིག་ཙམ་མ་འགགས་པས་ཅང་མེད་ཆད་པ་མ་ཡིན་དེའང་གཉིས་ཀ་གཉིས་མིན་གྱི་མཐའ་ལས་གྲོལ་བས་འདི་ཞེས་མཚན་མཚོན་བསམ་བརྗོད་ཐམས་ཅད་ལས་འདས་པ་ནི་ལྟ་བ་དང་། དེ་ལ་བླ་མའི་མན་ངག་གི་གཞི་བཟུང་སྟེ་གང་དུའང་མི་སེམས། ཅི་ལ་ཡང་མི་རྟོག། གནས་ལུགས་དེའི་ངང་དུ་ཡིད་དཔྱོད་ཀྱི་བཟོ་མ་བཅོས་པ་རང་བབ་ནམ་མཁའ་ལྟ་བུའི་ངང་དུ་སྐད་ཅིག་ཀྱང་མ་ཡེངས་པ་རིག་པ་ཧྲིག་གེ་བ་རང་སོར་བཞག་པས་རིག་པ་ཡུལ་མེད་རང་གསལ་དུ་ལྷག་གེར་གནས་པ་ལས་མི་གཡོ་བ་ནི་ཞི་ལྷག་ཟུང་འཇུག་གི་བསྒོམ་པ། ལྟ་སྒོམ་དེའི་ངང་ལས་རྗེས་ཐོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་ཡིད་ཆེས་བསྐྱེད། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པས་སེམས་ཅན་གྱི་དོན་བྱ་བ་དང་། སྣང་སྤྱོད་ཐམས་ཅད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་གྲོགས་སུ་ཁྱེར་བ་ནི་སྤྱོད་པ། དེ་ལྟར་གོམས་པར་བྱས་པས་གཞིའི་གནས་ལུགས་མངོན་དུ་གྱུར་ཏེ་སྤངས་ཐོབ་མེད་པ་དོན་དམ་པའི་རྗེ་བཙུན་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་ཞལ་མཇལ་བ་ནི་འབྲས་བུ་སྟེ། དང་པོ་ཚོགས་སྦྱོར་གྱི་དུས་སུ་དཔེ་ཡི་ཡེ་ཤེས་སྐྱེ་ལ་དེ་གོམས་པས་མཐོང་ལམ་ལ་སྦྱོར་ཏེ་དོན་གྱི་ཡེ་ཤེས་རྟོགས་ནས་མཐར་གྱིས་མི་སློབ་པའི་གོ་འཕང་ལ་སྦྱོར་བར་བྱེད་དོ། །དེ་ལྟ་བུའི་ལྟ་སྒོམ་སྤྱོད་འབྲས་བཞི་པོ་ཚད་དུ་ཕྱིན་པར་བརྩོན་དགོས་སོ། །དེ་ལྟར་བསྐྱེད་རྫོགས་ཀྱི་ངེས་པའང་། འདུས་པ་ཕྱི་མ་ལས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པའོ། །ཞེས་གསུངས་པ་ལྟར་སྣོད་བཅུད་ཐ་མལ་གྱི་སྣང་ཞེན་སྦྱོང་བ་བསྐྱེད་པའི་རིམ་པ་དང་། རླུང་སེམས་མི་ཤིགས་པའི་ཐིག་ལེར་རྩོལ་མེད་ངང་གིས་འཆིང་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྐུ་འགྲུབ་བྱེད་མཚན་མེད་རྫོགས་པའི་རིམ་པ་བཅས་རེ་ཞིག་བཤད་ཟིན་ཏོ། །སླར་ཡང་སྨྲས་པ། འཆི་མེད་སྒྲུབ་པའི་ལམ་ཟབ་གྲངས་མེད་ཀྱི། །དབུས་ན་ལྷུན་པོ་ལྟར་འཕགས་བཅོམ་ལྡན་འདས། །འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ཞེས། །རིག་འཛིན་བྱེ་བ་འབུམ་གྱིས་བསྙེན་པའི་ལྷ། །གང་དེའི་སྒྲུབ་ཐབས་སློབ་དཔོན་རྣམ་གསུམ་གྱི། །དགོངས་ཉམས་བཅུད་བསྡུས་འཕགས་མའི་ཐུགས་ཏིག་གི །ངེས་རྫོགས་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་དང་། །རྗེས་འབྲེལ་ཟབ་མོའི་ཁྲིད་ཀྱི་རིམ་པ་འདི། །ཀུན་མཁྱེན་བླ་མའི་ཞལ་ལུང་བདུད་རྩི་དང་། །མཁས་གྲུབ་གོང་མའི་གསུང་ལྟར་བཀྲལ་བ་ལས། །རང་བཟོའི་ཚིག་གི་ཉེས་པ་འདིར་མེད་ཀྱང་། །རྨོངས་པའི་དྲི་མས་གོས་ན་བཟོད་པར་བགྱི། །འདི་ལས་བྱུང་བའི་དགེ་ཚོགས་ཅི་མཆིས་པ། །རིགས་གསུམ་མགོན་དང་སྒྲོལ་མའི་ཐུགས་བསྐྱེད་བཞིན། །བསྟན་དང་འགྲོ་ལ་ཡོངས་སུ་བསྔོས་པ་ཡིས། །དུས་མིན་འཆི་བའི་རྒྱུ་འབྲས་མི་མྱོང་ཤོག །རིམ་གཉིས་གྲུབ་པའི་ཟས་ཀྱི་འཚོ་བ་ཡིས། །ལུས་ནི་རྡོ་རྗེའི་སྟོབས་ལྟར་བརྟན་པ་དང་། །ངག་ནི་བདེན་ཚིག་ནུས་པའི་རྩལ་འབར་ཤིང་། །དྲན་རྟོག་འོད་གསལ་ཆེན་པོར་འཆར་བར་ཤོག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །གསུང་གསང་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད། །མཁྱེན་གཉིས་ཐུགས་ཀྱི་མེ་ལོང་སྒྲིབ་བྲལ་དུ། །བཞུགས་ནས་བསྟན་འགྲོའི་དོན་རབ་སྒྲུབ་པར་ཤོག །སྐྱེ་བ་ཀུན་ཏུ་ཆོས་ཀྱི་བཤེས་གཉེན་ཆེས། །རྗེས་སུ་གཟུང་ནས་ཆོས་ཀྱི་བདུད་རྩི་ནོད། །རྗེ་བཙུན་བླ་མ་མཉེས་པར་བྱེད་པ་དང་། །གང་གི་ཕྲིན་ལས་སྒྲུབ་ལ་མི་ངལ་ཤོག །སྟོན་དང་བསྟན་འཛིན་དར་རྒྱས་སྦྱིན་བདག་རྣམས། །ཆོས་བཞིན་སྤྱོད་ཅིང་ཚེ་རིང་དཔལ་འབྱོར་འཕེལ། །འཆི་བདག་བདུད་ཀྱི་དགྲ་ལས་རྣམ་རྒྱལ་བའི། །ཡིད་བཞིན་འཁོར་ལོའི་གསང་གསུམ་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་འཆི་མེད་མཆོག་སྦྱིན་གྱི། །བདུད་རྩིའི་རྒྱུན་བཟང་སྤྱི་བོར་ལུད་པ་ཡིས། །འཆི་མེད་རྡོ་རྗེའི་སྲོག་གི་དཔལ་ཐོབ་ནས། །གྲུབ་པ་མཆོག་གི་རྒྱལ་སར་འཛེགས་གྱུར་ཅིག། ཅེས་འཆི་མེད་འཕགས་མའི་ཐུགས་ཏིག་གི་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་དང་འབྲེལ་བའི་ལྟ་ཁྲིད་འདིའང་༧རྗེ་གཏེར་ཆེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པས་བདག་ཅག་གི་དཔལ་ལྡན་བླ་མ་ཀུན་མཁྱེན་སི་ཏུ་རིན་པོ་ཆེར་སྩལ་བ་དེ་ཡི་ཞལ་སྔ་ནས་ཁྲིད་ལུང་ནོས་ཏེ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྒྱལ་ཟླའི་ཚེས་གསུམ་ལ་རྫོགས་པར་བྲིས་པ་འདིས་ཀྱང་འགྲོ་ཀུན་འཆི་བདག་གི་གཡུལ་ལས་རྒྱལ་བ་དང་། བསྟན་འཛིན་སྐྱེས་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་པའི་རྒྱུར་གྱུར་ཅིག། མངྒ་ལཾ།། །།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Chimé Pakmé Nyingtik

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept