Verses of Auspiciousness—Tibetan
༄༅། །ཤིས་ཚིགས་ཕྱོགས་བཅུའི་སངས་རྒྱས་དཀོན་མཆོག་སོགས།
ཨོཾ་སྭསྟི།
ཕྱོགས་བཅུའི་སངས་རྒྱས་དཀོན་མཆོག་དང་། །
བླ་མ་ཡི་དམ་ཆོས་སྐྱོང་ཚོགས། །
ནོར་ལྷ་གཏེར་བདག་དཀར་ཕྱོགས་སྐྱོངས། །
ཀུན་གྱིས་བཀྲ་ཤིས་མཛད་དུ་གསོལ། །
བཀྲ་ཤིས་ལྷ་མོ་བརྒྱད་པོ་དང་། །
ཁྱད་པར་འོད་ཟེར་ཅན་མ་ནི། །
ཉི་མ་ཟླ་བའི་མདུན་ནས་འགྲོ། །
བདག་ཅག་རྟག་ཏུ་ཤིས་གྱུར་ཅིག །
རི་ཁྲོད་མ་དང་སྒྲོལ་མ་དང་། །
ཁྲོ་གཉེར་ཅན་མ་གདུགས་དཀར་མོ། །
རྣམ་པར་རྒྱལ་མ་སྤྱན་མ་སོགས། །
ལྷ་མོ་རྣམས་ཀྱིས་བདག་ཅག་སྐྱོབས། །
བདག་ཅག་གར་འགྲོ་གར་གནས་ཀྱང་། །
འཇིགས་པ་ཀུན་ལས་ཐར་བ་དང་། །
ཚེ་རིང་ནད་མེད་དཔལ་འབྱོར་འཕེལ། །
ཡིད་ལ་བསམ་དགུ་འགྲུབ་གྱུར་ཅིག །
བླ་མ་རྣམས་ཀྱི་ཐུགས་ཀྱིས་དགོངས། །
ཡི་དམ་རྣམས་ཀྱིས་རྒྱབ་བརྟེན་མཛོད། །
མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོངས། །
ཆོས་སྐྱོང་སྲུང་མས་སྡོང་གྲོགས་མཛོད། །
བཀྲ་ཤིས་ཚེ་རིང་མཆེད་ལྔ་དང་། །
ཇོ་བོ་གཉན་ཆེན་ཐང་ལྷ་དང་། །
སྐྱེས་བུ་སེང་ཆེན་རྒྱལ་པོ་གསུམ། །
གྲོགས་སུ་བསྟེན་ཅིང་མགོན་གྱུར་ཅིག །
ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། །།