The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Aspiration for the Mountain of Glory—Tibetan

English | བོད་ཡིག

༄༅། །དཔལ་རིའི་སྨོན་ལམ་བཞུགས།

 

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །

རང་སྣང་རྣམ་དག་པདྨ་འོད་ཀྱི་ཞིང་། །

བཀོད་པ་ཡོངས་རྫོགས་ཟངས་མདོག་དཔལ་གྱི་རིར། །

སྐུ་གསུམ་ཕོ་བྲང་གཞལ་མེད་ཉམས་དགའ་བའི། །

འོག་ཁང་སྤྲུལ་སྐུའི་ཚོགས་ཁང་ཆེན་པོ་ན། །

རྩ་གསུམ་ཀུན་འདུས་ཨོ་རྒྱན་པདྨ་འབྱུང་། །

རིག་འཛིན་དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོར། །

གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྒྲ་སྒྲོགས། །

བར་ཁང་ལོངས་སྐུའི་གཞལ་ཡས་ཁང་ཆེན་དུ། །

འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །

སངས་རྒྱས་བྱང་སེམས་འཁོར་གྱིས་བསྐོར་བ་བཞུགས། །

དེ་སྟེང་ཆོས་སྐུའི་ཞིང་ཁམས་འབྱམས་ཀླས་དབུས། །

སྟོན་པ་མགོན་པོ་འོད་སྣང་མཐའ་ཡས་པ། །

རང་ལས་ཐ་མི་དད་པའི་འཁོར་གྱིས་བསྐོར། །

དེ་ལྟར་སྐུ་གསུམ་ཞིང་ཁམས་རྟེན་བརྟེན་པ། །

མངོན་སུམ་བཞིན་དུ་གསལ་བར་དྲན་པ་དང་། །

དད་པས་ཕྱག་མཆོད་གསོལ་བ་བཏབ་པའི་མཐུས། །

བདག་སོགས་གུ་རུའི་རྗེས་འཇུག་སྐལ་ལྡན་རྣམས། །

འཆི་བའི་ཚེ་ན་གནད་གཅོད་མི་འབྱུང་ཞིང་། །

མཁར་ཆེན་གཟའ་སོགས་ཌཱ་ཀིའི་མདུན་བསུས་ནས། །

པདྨ་འོད་ཀྱི་ཞིང་དུ་སྐྱེ་བ་དང་། །

སྨིན་གྲོལ་ལུང་བསྟན་ལམ་ལྔ་ས་བཅུ་རྫོགས། །

ཨོ་རྒྱན་རྗེ་དང་དགོངས་ཀློང་དབྱེར་མེད་ཤོག །

 

ཅེས་པའང་དད་སློབ་གླིང་རུ་དགེ་མ་སེང་སྒྲོན་ནས་རིན་གཉིས་ཞོ་བདུན་འཁོར་ལོ་ལྔའི་གྲངས་ལྡན་བཅས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨོན་ཚིག་ཏུ་བྲིས་པ་སིདྡྷི་རསྟུ༎  ༎

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

The Copper-Coloured Mountain of Glory

This website uses cookies to collect anonymous usage statistics and enhance the user experience.
Decline
Accept