Training in Realm of Amitābha—Tibetan
༄༅། །སྣང་བ་མཐའ་ཡས་ཀྱི་ཞིང་སྦྱོང་སྒོམ་གྲོལ།
ཚེས་བཅོ་ལྔ་འོད་དཔག་མེད་ཀྱི་དུས་ཆེན་ཡིན་པས་དེ་ལྟ་བུ་ལ་དབུ་བཙུགས་ཏེ་འབྱོར་ན་བདེ་ཆེན་ཞིང་བཀོད་ཀྱི་ཞལ་ཐང་ངམ་སྐུ་བརྙན་སོགས་རྟེན་བཀྲམ་པའི་མདུན་མཆོད་པ་ཅི་འབྱོར་བཤམ། མ་འཛོམ་ན་ཏིང་ངེ་འཛིན་ཁོ་ནས་ཆོག་པས་དམིགས་འདུན་རྩེ་གཅིག་བྱས་ཏེ།
ན་མོ༔ བླ་མ་ཡི་དམ་འོད་དཔག་མེད༔
མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔
བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔
རྩེ་གཅིག་གུས་པས་སྐྱབས་སུ་མཆི༔
ལན་གསུམ་གྱིས་སྐྱབས་སུ་འགྲོ།
ཧོཿ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔
སངས་རྒྱས་གོ་འཕང་འཐོབ་བྱའི་ཕྱིར༔
ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔
གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔
ལན་གསུམ་གྱིས་སེམས་བསྐྱེད།
སེམས་ཅན་བདེ་དང་ལྡན་གྱུར་ཅིག༔
སྡུག་བསྔལ་ཀུན་དང་བྲལ་བར་ཤོག༔
བདེ་དང་རྟག་ཏུ་མི་འབྲལ་ཞིང༌༔
ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག༔
ཅེས་ཚད་མེད་བསྒོམ།
ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔
སྟོང་པའི་ངང་ལས་ས་ཕྱོགས་ཀུན༔
དག་པའི་ཞིང་ཁམས་བདེ་བ་ཅན༔
ངོ་མཚར་བཀོད་པ་བསམ་ཡས་དབུས༔
པདྨ་ཟླ་བའི་སྙིང་པོ་ལ༔
རང་ཉིད་འཕགས་པ་སྤྱན་རས་གཟིགས༔
དཀར་དམར་མདངས་ལྡན་ཐལ་མོ་སྦྱར༔
བྱང་ཆུབ་སེམས་དཔའ་གཞོན་ནུའི་ཚུལ༔
སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས༔
མདུན་དུ་རྨ་བྱས་བཏེག་པ་ཡི༔
རིན་ཆེན་མཛེས་ཁྲིར་པད་ཟླའི་སྟེང་༔
འོད་དཔག་མེད་མགོན་སྐུ་མདོག་དམར༔
མཉམ་བཞག་བདུད་རྩིའི་ལྷུང་བཟེད་བསྣམས༔
མཚན་དཔའི་དཔལ་འབར་ཆོས་གོས་གསོལ༔
བྱང་ཆུབ་ཤིང་ཆེན་རབ་རྒྱས་པ༔
ཡིད་འཕྲོག་གྲིབ་བསིལ་ལ་བརྟེན་ནས༔
མཐའ་ཡས་འོད་ཟེར་འཕྲོ་བའི་ཀློང་༔
རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔
གཡས་སུ་འཕགས་པ་སྤྱན་རས་གཟིགས༔
གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔
མདུན་དུ་འཕགས་ཚོགས་འདུས་པ་དང་༔
སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔
སངས་རྒྱས་དང་ནི་བྱང་ཆུབ་སེམས༔
འཇིག་རྟེན་སྐྱོང་བ་བསམ་མི་ཁྱབ༔
ཀུན་ཀྱང་ཆོས་ཀྱི་སྒྲ་སྒྲོག་ཅིང་༔
ཐེག་མཆོག་བདུད་རྩིས་དགྱེས་པ་ཅན༔
མངོན་སུམ་བཞིན་དུ་གསལ་བར་བསྒོམ༔
ཞེས་དམིགས་ལ་བཟང་སྤྱོད་ནས་འབྱུང་བ་ལྟ་བུའི་ཡན་ལག་བདུན་པ་དང༌། མཎྜལ་རྒྱས་པར་འབུལ། དེའང་ཆེད་དུ་ཐུན་གཅོད་སྐབས་འདི་རྣམས་མདོ་ལས་འབྱུང་བ་སོགས་གང་རྒྱས་གྲུབ་ན་ཞིང་དུ་སྐྱེ་བའི་རྒྱུ་ཚོགས་ཡིན་པས་དོ་གལ་ཆེ། རྒྱུན་ཁྱེར་ལྟ་བུ་ལ། ཇི་སྙེད་སུ་དག་ཙམ་དང༌། མཎྜལ་ཡང༌།
ༀ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔
ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔
གླིང་བཞི་རི་རབ་ཉི་ཟླར་བཅས༔
ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔
ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔
རྒྱུན་མི་འཆད་པར་སྤྲུལ་བྱས་ཏེ༔
བླ་མ་བཅོམ་ལྡན་འོད་དཔག་མེད༔
དཀོན་མཆོག་རིན་ཆེན་རྩ་བ་གསུམ༔
ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔
གུས་པས་རྟག་ཏུ་འབུལ་བར་བགྱི༔
བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔
ཡེ་ཤེས་སྣང་བ་རྒྱས་པར་ཤོག༔
ཨོཾ་གུ་རུ་ཨ་མི་ཏ་བྷ་སརྦ་ཏ་ཐཱ་ག་ཏ་ས་པ་རི་བཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔
ཞེས་འབུལ།
རང་གི་ཐུགས་ནས་འོད་འཕྲོས་པས༔
སངས་རྒྱས་འཁོར་བཅས་ཐུགས་རྒྱུད་བསྐུལ༔
དེ་དག་ཐུགས་རྗེའི་འོད་ཟེར་གྱིས༔
བདག་དང་འགྲོ་བའི་སྒྲིབ་ཀུན་སྦྱངས༔
བདེ་ཆེན་ཞིང་དུ་སྐྱེ་བ་ཡི༔
རྒྱུ་འབྲས་སྣོད་དང་ལྡན་པར་བསམ༔
ཞེས་བསྒོམས་ལ།
ཨོཾ་པདྨ་དྷཱ་རི་ཧཱུྃ༔
ཞེས་སྙིང་པོ་བརྒྱ་སྟོང་ཅི་འགྲུབ་དང༌།
ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཱརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་བི་ཀྲཱནྟ་ག་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ།
ཞེས་སྣང་མཐའ་རྗེས་སུ་དྲན་པའི་གཟུངས་ཀྱང་ཅི་འགྲུབ་བཟླས་ལ་རྒྱུད་སྦྱང༌། དངོས་གཞི་ཞིང་གི་བཀོད་པ་མདོ་ལས་ཇི་སྐད་གསུངས་པ་ལ་སེམས་རྩེ་གཅིག་ཏུ་བཟུང་ཞིང་མོས་གུས་དྲག་པོ་ཡང་ཡང་བསྐྱེད། རང་གཞན་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་ཞིང་ཁམས་དེར་སྐྱེ་བའི་རྒྱུ་རུ་བསྔོས་ཏེ། བཟང་པོ་སྤྱོད་པ་དང༌། གང་ཟག་མཆོག་རྣམས་ཀྱིས་མཛད་པའི་བདེ་སྨོན་ནན་ཏན་གདབ། ཐུན་མཐར།
མདུན་གྱི་སྣང་བ་མཐའ་ཡས་ཀྱི༔
ཐུགས་ཀའི་ཧྲཱིཿལས་གཉིས་པ་བྱུང་༔
ཤངས་བུག་གཡས་ནས་རང་ཉིད་ཀྱི༔
སྣ་བུག་གཡོན་ཞུགས་སྙིང་གའི་དབུས༔
འོད་ཟེར་སྣང་བ་རབ་འཕྲོས་ནས༔
སྡིག་སྒྲིབ་བག་ཆགས་བཅས་པ་སྦྱངས༔
རླུང་ཕྱིར་སོང་དང་ལྷན་ཅིག་ཏུ༔
སྣ་བུག་གཡས་ནས་བཅོམ་ལྡན་གྱི༔
ཤངས་བུག་གཡོན་ཞུགས་ཧྲཱིཿལ་ཐིམ༔
རྒྱལ་བའི་ཐུགས་དང་རང་གི་སེམས༔
དབྱེར་མེད་བློ་འདས་ངང་དུ་བཞག༔
ཅེས་དབུགས་ཀྱི་འགྲོ་འོང་དང་སྤེལ་བ་ལན་བདུན་ཙམ་སོང་ནས།
བླ་མ་འོད་དཔག་མེད་པ་ཉིད༔
དགྱེས་པ་ཆེན་པོས་རང་ལ་ཐིམ༔
རང་ཉིད་སངས་རྒྱས་སྐུ་རུ་གྱུར༔
ཅེས་མོས་ལ། འཇམ་དཔལ་དཔའ་བོ་སོགས་ཆ་ཚང་བརྗོད་ལ་དགེ་བ་བསྔོ། དགོང་མོ་ཉལ་ཁར་ཞིང་སྦྱོང་ཚར་གཅིག་གི་མཇུག་ཏུ་དབུགས་དང་སྤེལ་བའི་དམིགས་པ་དེ་ཉིད་ནན་ཏན་ཚར་གྲངས་བྱས་ལ་རང་ལ་བསྟིམ་པས་སངས་རྒྱས་སུ་གསལ། ཞིང་བཀོད་ལ་བློ་ཡང་ཡང་བཞག་སྟེ་མི་རྟོག་པའི་ངང་དུ་ཉལ་བས་ཁམས་དང་རིག་པ་དྭངས་ཤིང་ཞིང་ཁམས་སུ་བགྲོད་པའི་རྨི་ལམ་སོགས་དགེ་བའི་མཚན་མ་འབྱུང་ངོ། །དེའང་ཐོག་མར་བདུན་ཕྲག་གཅིག་གམ་གསུམ་སོགས་ཐུན་གཅད་ནས་རྟགས་ཐོན་སྦྱང་གྲུབ་ན་ལེགས་ཤིང༌། རྒྱུན་ཏུ་ཉལ་ཁར་ཐུན་རེ་མ་ཆག་པར་བསྒོམས་པའི་ཕན་ཡོན་ནི།
དེ་ལྟར་ཐུན་རེ་མ་ཆག་པར༔ བསྒོམ་ན་འཆི་བའི་དུས་ཀྱི་ཚེ༔ སངས་རྒྱས་མཐུ་ཡིས་སྒྲིབ་དག་ནས༔ བདེ་ཆེན་ཞིང་དུ་ངེས་པར་སྐྱེ༔
ཞེས་གསུངས་པ་ལྟར་རོ། །འདི་ནི་བཟང་སྤྱོད་སྨོན་ལམ་གྱི་གདམས་ངག་འོད་དཔག་མེད་ཉལ་འཕོའི་སྒོམ་རིམ་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་དེ་གསར་མའི་ཕྱོགས་སུ་བྱོན་པ་དང་མཚུངས་པ་ལས་ཀྱང་འདི་ཉིད་ཞིང་སྦྱོང་གི་སྦྱོར་དངོས་རྗེས་ཚང་རྣམ་པ་གསལ་བས་ཤིན་ཏུ་ཟབ་བོ།། །།