Tārā Who Protects from Fear of Natural Disasters—Tibetan
༁ྃ༔ གཏེར་གསར་སྒྲོལ་མ་སའི་འཇིགས་སྐྱོབ་བསྒོམ་བཟླས༔
གཏེར་གསར་སྒྲོལ་མ་འཇིགས་པ་ཀུན་སེལ་ལས་ས་ཡི་འཇིགས་སྐྱོབ་བསྒོམ་བཟླས་བྱ་བར་སྤྲོ་ན།
སྐྱབས་སེམས་ནི།
ན་མོ༔ བླ་མ་ཡི་དམ་རྗེ་བཙུན་མ༔
མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔
བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔
རྩེ་གཅིག་གུས་པས་སྐྱབས་སུ་མཆི༔
ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔
སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔
ཉེས་སྤྱོད་ཀུན་བསྡམ་དགེ་ཆོས་སྡུད༔
གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔
ཨཱ༔ སྟོང་གསལ་ཡེ་ཤེས་སྣང་ཆ་ལས༔
པད་དཀར་ཟླ་བ་རྒྱས་པའི་སྟེང་༔
ཏཱྃ་ཡིག་སྔོན་པོའི་འཕྲོ་འདུ་ལས༔
རང་ཉིད་རྡོ་རྗེ་སྒྲོལ་མ་མཐིང་༔
ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔
སྐྱབས་སྦྱིན་ཕྱག་རྒྱས་ཨུཏྤ་ལ༔
རྡོ་རྗེ་རྩེ་ལྔས་མཚན་པ་བསྣམས༔
དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔
གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔
རང་འདྲའི་ཡེ་ཤེས་སྤྱན་དྲངས་ཐིམ༔
ཨཱརྱ་ཏཱ་རེ་ཛ༔
ཛཿཧཱུྃ་བྃ་ཧོ༔
ནམ་མཁའ་གང་བའི་དབང་གི་ལྷས༔
དབང་བསྐུར་རིགས་བདག་དབུར་བརྒྱན་གྱུར༔
ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱི་ཙྪ་སྭཱཧཱ༔
ཨོཾ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔
རྗེ་བཙུན་མྱུར་མ་དཔའ་མོ་དང་༔
འཇིགས་པ་ཐམས་ཅད་སེལ་མཛད་མ༔
འཁོར་གྱི་ཚོགས་དང་བཅས་ལ་བསྟོད༔
ཐུགས་ཀར་ཟླ་སྟེང་ཏཱྃ་མཐིང་ག༔
མཐའ་བསྐོར་སྔགས་ཀྱི་ཕྲེང་བས་བསྐོར༔
འོད་ཟེར་རྡོ་རྗེའི་རང་བཞིན་འཕྲོས༔
འཕགས་མཆོད་འགྲོ་བའི་དོན་ཀུན་བྱས༔
ཁྱད་པར་ང་རྒྱལ་ལས་གྱུར་པའི༔
ས་ཡི་འཇིགས་པ་ཀུན་ཞི་གྱུར༔
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ལཾ་ལཾ་བྷ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།
ཞེས་དང་། ཤཱནྟིཾ་ཚབ་ཏུ། རཀྴ་སྦྱར་བ་དང་ཅི་འགྲུབ་བཟླ།
མཐར་སྤྲོ་ན་མཆོད་བསྟོད་གོང་བཞིན་བྱ། བསྡུ་ན་མི་དགོས།
ཧཱུྃ་ཧཱུྃ་ཧཱུྃ་གིས་བསྡུ།
ཕཊ་ཕཊ་ཕཊ་ཀྱིས་ལྷར་ལྡངས།
དགེ་བ་འདི་ཡིས་སོགས་བསྔོ་སྨོན་ཤིས་བརྗོད་གང་རུང་བྱའོ།།
ཞེས་པའང་ཉེར་མཁོའི་ཆེད་དུ་གཏེར་གཞུང་ལས་བློ་གྲོས་མཐའ་ཡས་ཀྱིས་བཀོལ་བ་དགེ་ཞིང་བཀྲ་ཤིས།། སརྦ་མངྒ་ལཾ།།