Lama Norlha Sang Offering—Tibetan
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་ནོར་ལྷའི་བསང་མཆོད་དགོས་འདོད་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །
ན་མཿཔདྨ་སཾ་བྷ་ཝཱ་ཡ།
གཙང་ཞིང་དག་པར་སྦྱར་བའི་བསང་གི་མཆོད་རྫས་ཅི་འབྱོར་པ་རྣམས། རྃ་ཡྃ་ཁྃ་གིས་སྦྱང༌།
ༀ་ཨཱཿཧཱུྃ། བསང་རྫས་རྡོ་རྗེ་བདུག་སྤོས་ལས་བྱུང་བའི་མཆོད་པའི་ཁྱད་པར་ཀུན་བཟང་རྣམ་པར་རོལ་པའི་འོད་ཟེར་སྤྲིན་གྱི་དྲྭ་བ་ཞིང་ཁམས་རྒྱས་པར་བཀོད་པ་ལས་དགོས་འདོད་ནམ་མཁའ་མཛོད་ཀྱི་ཆར་རྒྱུན་ཟད་མེད་དུ་འཇོ་བར་གྱུར།
ༀ་བཛྲ་སྥ་ར་ཎ་ཁཾ།
ཞེས་བྱིན་བརླབ།
ཧྲཱིཿ དུས་གསུམ་སངས་རྒྱས་ཡོན་ཏན་མཛོད། །
འདོད་རྒུའི་མཆོག་སྩོལ་ཡིད་བཞིན་ནོར། །
དབུལ་བའི་འཇིགས་སྐྱོབས་ནོར་གྱི་ལྷ། །
སྐྱེས་མཆོག་ཚུལ་བཟང་དབྱིངས་ནས་བཞེངས། །
སྤྱན་འདྲེན་གཤེགས་བཞུགས་མི་མངའ་ཡང༌། །
ཐུགས་རྗེའི་ཡུལ་ལ་འཇུག་པའི་རྩལ། །
འདས་དང་མ་འདས་སྣང་ཚུལ་ལས། །
ནོར་བདག་བྱེ་བ་འབུམ་དང་བཅས། །
བཀྲ་ཤིས་གཙང་ཞིང་དགེ་བའི་གནས། །
དད་མོས་གདུང་བའི་མཁའ་དབྱིངས་སུ། །
དགྱེས་པས་དགོངས་ལ་བརྟན་པར་བཞུགས། །
སྟོང་གསལ་ཐབས་དང་ཤེས་རབ་ལས། །
རང་བྱུང་མཆོད་པའི་ཕྱག་རྒྱ་ཆེ། །
ལྷུན་གྲུབ་བདུད་རྩི་ཅན་གྱི་ཤིང༌། །
འབྱུང་བ་མེ་རླུང་སྦྱོར་བ་ལས། །
དྲི་མ་གཙང་བྱེད་ཤུགས་ལས་གྲུབ། །
མཆོད་པའི་སྤྲིན་ཕུང་མཁའ་ལ་འཕྲོ། །
འདོད་རྒུའི་ཆར་པ་ཅི་ཡང་འབེབས། །
འོད་གསལ་ཐིག་ལེ་ཆེན་པོའི་གདངས། །
རྡོ་རྗེ་བདུག་སྤོས་རྣམ་ཐར་གྱི། །
བཀོད་པའི་ཁྱད་པར་བསམ་མི་ཁྱབ། །
ཟག་མེད་ཡེ་ཤེས་རོལ་པ་ལས། །
དངོས་གྲུབ་ཆར་འབེབས་ལྷ་ཚོགས་རྣམས། །
མཆོད་དོ་བསང་ངོ་མངའ་གསོལ་ལོ། །
ཧྲཱིཿ དཀོན་མཆོག་རྩ་གསུམ་འདུས་པའི་སྐུ།
རྗེ་བཙུན་པདྨ་སཾ་བྷ་བ། །
ཡིད་བཞིན་ནོར་བུ་དངོས་གྲུབ་གཏེར། །
རང་སྣང་མཁའ་འགྲོའི་ཚོགས་བཅས་ལ། །
བདུད་རྩི་བསང་གི་མཆོད་སྤྲིན་འབུལ། །
བདག་དང་མཐའ་ཡས་སེམས་ཅན་ཀུན། །
དབུལ་བའི་འཇིགས་ལས་བསྐྱབ་ཏུ་གསོལ། །
མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབས། །
དམིགས་མེད་ཐུགས་རྗེ་ཆེན་པོའི་སྟོབས། །
འདོད་རྒུ་སྒྱུར་བའི་ནོར་གྱི་ལྷ། །
སྐུ་ཡི་ནོར་བདག་ཛཾ་ལྷ་དཀར། །
བདེ་གཤེགས་རིགས་ཀྱི་ཚོགས་བཅས་བསང༌། །
ཡོན་ཏན་ནོར་བདག་ཛཾ་ལྷ་སེར། །
རིན་ཆེན་རིགས་ཀྱི་ཚོགས་བཅས་བསང༌། །
གསུང་གི་ནོར་བདག་ཛཾ་ལྷ་དམར། །
པདྨ་རིགས་ཀྱི་ཚོགས་བཅས་བསང༌། །
ཕྲིན་ལས་ནོར་བདག་ཛཾ་ལྷ་ལྗང༌། །
ལས་ཀྱི་རིགས་ཀྱི་ཚོགས་བཅས་བསང༌། །
འཁོར་འདས་བརྟན་གཡོའི་ཕྱྭ་དང་གཡང༌། །
སྒྲུབ་པའི་གནས་འདིར་འདུ་བར་མཛོད། །
ཚོགས་རྗེ་ཚོགས་བདག་གླང་པོའི་གདོང༌། །
ལྷ་ཡི་ནོར་ལྷའི་ཚོགས་བཅས་བསང༌། །
བྱང་ཆུབ་སེམས་མ་ནོར་གྱི་རྒྱུན། །
གནས་ཡུལ་ཞིང་སྐྱོང་ཚོགས་བཅས་བསང༌། །
དབང་མཛད་བཅོམ་ལྡན་རིགས་བྱེད་མ། །
ཀླུ་ཡི་ནོར་ལྷའི་ཚོགས་བཅས་བསང༌། །
ས་བརྒྱད་དབང་ཕྱུག་ངལ་གསོས་པོ། །
གནོད་སྦྱིན་ནོར་ལྷའི་ཚོགས་བཅས་བསང༌། །
ལྷ་ཀླུ་མི་དང་གནོད་སྦྱིན་གྱི། །
ཕྱྭ་གཡང་དཔལ་འབྱོར་འདིར་སྩོལ་ཅིག །
དབྱིག་གི་ནོར་བདག་ནོར་བུ་བཟང༌། །
ཅང་ཤེས་ནོར་བདག་རེ་མནྟ། །
ཟས་གོས་ནོར་བདག་གནོད་སྦྱིན་དམར། །
རྐང་བཞིའི་ནོར་བདག་ཀུ་བེ་ར། །
རང་རང་སྡེ་དཔུང་བཅས་པ་བསང༌། །
ནོར་དབྱིགས་ཅང་ཤེས་ཟས་དང་གོས། །
རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །
ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །
སྤྱན་མི་བཟང་དང་རྣམ་ཐོས་སྲས། །
འཇིག་རྟེན་སྐྱོང་བའི་ཚོགས་བཅས་བསང༌། །
ཕྱོགས་བཞི་གཡང་དང་ལེགས་པའི་དཔལ། །
དམུ་གཡང་བཅུད་ཀུན་འདིར་འདུས་མཛོད། །
གཞན་ཡང་རྩ་གསུམ་ནོར་གྱི་ལྷ། །
ལྷ་ཀླུ་གནོད་སྦྱིན་གཞི་གནས་བདག །
དགེ་བའི་གྲོགས་མཛད་དཀར་ཕྱོགས་སྐྱོང༌། །
ལེགས་པའི་དོན་སྒྲུབ་འཁོར་བཅས་བསང༌། །
འཁོར་འདས་བརྟན་གཡོའི་ཕུན་ཚོགས་དཔལ། །
གནས་འདིར་སྡུས་ལ་གོང་དུ་སྤེལ། །
བཀྲ་ཤིས་དགེ་ལེགས་རབ་རྒྱས་མཛོད། །
ཏིང་འཛིན་བྱིན་རླབས་བསང་མཆོད་ཀྱིས། །
སྣོད་ཀྱི་ཉེས་སྐྱོན་རྒུད་པ་བསང༌། །
རྣམ་དག་པདྨ་དྲྭ་བའི་ཞིང༌། །
བཀོད་པ་ཕུན་ཚོགས་གཡང་དུ་འཁྱིལ། །
འཕོ་མེད་སྡོམ་པའི་གཙང་བྱེད་ཀྱིས། །
བཅུད་ཀྱི་སེམས་ཅན་ཉོན་མོངས་བསང༌།
རྣམ་དག་སྐུ་དང་ཡེ་ཤེས་དང༌། །
འགྱུར་མེད་བདེ་ཆེན་གཡང་དུ་འཁྱིལ། །
རང་རིག་རྟོག་བྲལ་འོད་གསལ་གྱིས། །
མཚན་འཛིན་འཁྲུལ་པའི་དྲི་མ་བསང༌། །
རྣམ་དག་ཐིག་ལེ་ཁྱབ་བརྡལ་ཆེ། །
སྲིད་ཞི་མཉམ་ཉིད་གཡང་དུ་འཁྱིལ། །
རང་སྣང་དབྱིངས་སུ་ཤར་བའི་མགྲོན། །
དངོས་གྲུབ་ནོར་བུའི་ཆར་རྒྱུན་བཅས། །
འགྲོ་འོང་རྟག་ཆད་བྲལ་བའི་ཀློང༌། །
མཉམ་ཉིད་ཆེན་པོར་བརྟན་པར་བཞུགས། །
སྣོད་བཅུད་དྭངས་མ་རྫོགས་ལྡན་གྱི། །
དཔལ་འབར་བཀྲ་ཤིས་ཀུན་ཁྱབ་ཤོག །
ཅེས་པ་འདིའང་སྙིགས་དུས་ཀྱི་སྐྱོབས་པ་པདྨ་སཾ་བྷ་བའི་ཞལ་སྐྱིན་གཏེར་ཆེན་བླ་མའི་གསུང་བསྐུལ་ནོར་བུའི་ཅོད་པན་སྤྱི་བོར་བསྩལ་བའི་མོད་ལ། སྔགས་རིགས་ཀྱི་རྟགས་ཙམ་འཛིན་པ་པདྨ་གར་དབང་བདེ་བའི་རྡོ་རྗེས་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།།