The Kusāli's Instruction on the Nature of Mind—Tibetan
English | Português | 中文 | བོད་ཡིག
༄༅། །ཀུ་སཱ་ལིའི་སེམས་ཁྲིད།
༄༅། །ན་མོ་གུ་རུ། ལྟ་སྒོམ་བཤད་ཚུལ་མང་ལགས་ཀྱང་། །རང་སེམས་ངོ་བོ་སྐྱོང་ལ་འདུས། །སེམས་ཞེས་གཞན་དུ་ཡོད་པ་མིན། །ད་ལྟའི་རྣམ་རྟོག་འདི་ཀ་ཡིན། །དེ་རྗེས་ཕྱི་རུ་མི་འབྲང་བར། །ཁོ་རང་རང་ངོ་བལྟས་པའི་ཚེ། །བལྟ་བྱ་ལྟ་བྱེད་གཉིས་སུ་མེད། །སྟོང་པ་ཡིན་པས་དངོས་པོ་མེད། །གསལ་བ་ཡིན་པས་རང་གིས་རིག །ཐ་དད་མ་ཡིན་ཟུང་དུ་འཇུག །ཅི་ཡང་མེད་ལས་ཅི་ཡང་འཆར། །དེ་ཉིད་རང་ངོ་ཤེས་ཙམ་གྱི། །མི་བརྗེད་དྲན་པས་བསྐྱང་བ་ལས། །བསྒོམ་བྱ་གཞན་དུ་མི་འཚོལ་ཞིང་། །ཡིན་མིན་བཟོ་བཅོས་རེ་དོགས་ཀྱིས། །མ་བསླད་རང་སར་བཞག་པ་ཡིན། །ཐ་མལ་ཤེས་པ་བཟོ་མེད་འདི། །ཆོས་སྐུ་འོད་གསལ་མཐར་ཐུག་ཡིན། །ཕྱག་རྫོགས་ཆོས་སྐད་གྲངས་མང་ཡང་། །ཉམས་ལེན་རྩ་བ་འདི་རུ་འདུས། །དེ་ཡིས་མི་ཆོག་སངས་རྒྱས་ཞེས། །བཟང་པོ་གཞན་དུ་འཚོལ་བ་དེ། །རེ་དོགས་འཆིང་བ་ཡིན་ཕྱིར་སྤོངས། །དེ་འདྲ་ཇི་བཞིན་རྟོགས་པའི་ཐབས། །མོས་གུས་ཚོགས་བསགས་གལ་ཆེ་བས། །རྟག་ཏུ་བླ་མ་ཨོ་རྒྱན་རྗེར། །མོས་གུས་གནད་དུ་བསྣུན་པ་དང་། །སྒོ་གསུམ་དགེ་ལ་འབད་པར་འཚལ། །སྒ་སྟོད་ཁྲི་འདུའི་རིག་སྔགས་འཆང་། །རང་སློབ་པདྨ་ཆོས་འཕེལ་ངོར། །བློ་གྲོས་མཐའ་ཡས་ཀུ་སཱ་ལིས། །བདེ་ཆེན་འོད་གསལ་གླིང་ནས་བྲིས། །དགེ་ལེགས་འཕེལ།། །།