The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Calling the Guru From Afar—Tibetan

English | Español | བོད་ཡིག

༄༅། །བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་མོས་གུས་སྙིང་གི་གཟེར་འདེབས་ཞེས་བྱ་བ་བཞུགས་སོ། །

 

ན་མོ་གུ་རུ་བེ།

བླ་མ་རྒྱང་འབོད་ཀུན་ལ་གྲགས་ཆེའང༌། བྱིན་རླབས་བསྐུལ་བའི་གནད་སྐྱོ་ཤས་ངེས་འབྱུང་གིས་བསྐུལ་བའི་མོས་གུས་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་གི་དཀྱིལ། རུས་པའི་གཏིང་ནས་བསྐྱེད། བླ་མ་ལས་ལྷག་པའི་སངས་རྒྱས་གཞན་ན་མེད་པར་ཐག་ཆོད་པའི་ངེས་ཤེས་དང་ལྡན་པས་དབྱངས་རྟ་སྙན་པོས། །

 

བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །

དྲིན་ཅན་རྩ་བའི་བླ་མ་མཁྱེན་ནོ། །

 

དུས་གསུམ་སངས་རྒྱས་ཀྱི་ངོ་བོ། །

ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས། །

འཕགས་ཚོགས་དགེ་འདུན་གྱི་མངའ་བདག །

རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །

 

བྱིན་རླབས་ཐུགས་རྗེ་ཡི་གཏེར་ཆེན། །

དངོས་གྲུབ་རྣམ་གཉིས་ཀྱི་འབྱུང་གནས། །

ཕྲིན་ལས་ཅི་འདོད་ཀུན་སྩོལ་མཛད། །

རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །

 

བླ་མ་འོད་དཔག་མེད་པ་མཁྱེན་ནོ། །

སྤྲོས་བྲལ་ཆོས་སྐུའི་ཀློང་ནས་གཟིགས་ཤིག །

བདག་སོགས་ལས་ངན་འཁོར་བར་འཁྱམས་རྣམས། །

བདེ་ཆེན་དག་པའི་ཞིང་དུ་དྲོངས་མཛོད། །

 

བླ་མ་སྤྱན་རས་གཟིགས་དབང་མཁྱེན་ནོ། །

འོད་གསལ་ལོངས་སྐུའི་ཀློང་ནས་གཟིགས་ཤིག །

རིགས་དྲུག་སྡུག་བསྔལ་རྩད་ནས་ཞི་ཞིང༌། །

ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་མཛོད། །

 

བླ་མ་པདྨ་འབྱུང་གནས་མཁྱེན་ནོ། །

རྔ་ཡབ་པདྨ་འོད་ནས་གཟིགས་ཤིག །

སྙིགས་དུས་སྐྱབས་མེད་བོད་འབངས་ཉམ་ཐག །

ཐུགས་རྗེས་མྱུར་བ་ཉིད་དུ་སྐྱོབས་མཛོད། །

 

བླ་མ་ཡེ་ཤེས་མཚོ་རྒྱལ་མཁྱེན་ནོ། །

མཁའ་སྤྱོད་བདེ་ཆེན་གྲོང་ནས་གཟིགས་ཤིག །

སྡིག་ལྡན་བདག་སོགས་སྲིད་པའི་མཚོ་ལས། །

ཐར་པའི་གྲོང་ཁྱེར་ཆེན་པོར་སྒྲོལ་མཛོད། །

 

བཀའ་གཏེར་བརྒྱུད་པའི་བླ་མ་མཁྱེན་ནོ། །

ཟུང་འཇུག་ཡེ་ཤེས་ཀློང་ནས་གཟིགས་ཤིག །

བདག་རྒྱུད་འཁྲུལ་པའི་མུན་ཁང་བརྟོལ་ནས། །

རྟོགས་པའི་ཉི་མ་ཤར་བར་མཛོད་ཅིག །

 

ཀུན་མཁྱེན་དྲི་མེད་འོད་ཟེར་མཁྱེན་ནོ། །

ལྷུན་གྲུབ་འོད་ལྔའི་ཀློང་ནས་གཟིགས་ཤིག །

ཀ་དག་དགོངས་པའི་རྩལ་ཆེན་རྫོགས་ནས། །

སྣང་བཞི་མཐའ་རུ་ཕྱིན་པར་མཛོད་ཅིག །

 

མཉམ་མེད་ཇོ་བོ་ཡབ་སྲས་མཁྱེན་ནོ། །

དགའ་ལྡན་ལྷ་བརྒྱའི་དབུས་ནས་གཟིགས་ཤིག །

སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི། །

བྱང་སེམས་རྒྱུད་ལ་སྐྱེ་བར་མཛོད་ཅིག །

 

གྲུབ་མཆོག་མར་མི་དྭགས་གསུམ་མཁྱེན་ནོ། །

བདེ་ཆེན་རྡོ་རྗེའི་དབྱིངས་ནས་གཟིགས་ཤིག །

བདེ་སྟོང་ཕྱག་ཆེན་མཆོག་དངོས་གྲུབ་ཅིང༌། །

ཆོས་སྐུ་སྙིང་དབུས་སད་པར་མཛོད་ཅིག །

 

འཇིག་རྟེན་དབང་ཕྱུག་ཀརྨ་པ་མཁྱེན་ནོ། །

མཁའ་ཁྱབ་འགྲོ་འདུལ་དབྱིངས་ནས་གཟིགས་ཤིག །

ཆོས་ཀུན་བདེན་མེད་སྒྱུ་མར་རྟོགས་ནས། །

སྣང་སེམས་སྐུ་གསུམ་འཆར་བར་མཛོད་ཅིག །

 

བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་མཁྱེན་ནོ། །

རང་སྣང་དག་པའི་ཞིང་ནས་གཟིགས་ཤིང༌། །

གནས་སྐབས་བཞི་ཡི་འཁྲུལ་པ་སངས་ནས། །

ཉམས་རྟོགས་མཐའ་རུ་ཕྱིན་པར་མཛོད་ཅིག །

 

རྗེ་བཙུན་གོང་མ་རྣམ་ལྔ་མཁྱེན་ནོ། །

འཁོར་འདས་དབྱེར་མེད་ཀློང་ནས་གཟིགས་ཤིག །

རྣམ་དག་ལྟ་སྒོམ་སྤྱོད་གསུམ་འབྲེལ་ནས། །

གསང་བའི་ལམ་མཆོག་བགྲོད་པར་མཛོད་ཅིག །

 

མཉམ་མེད་ཤངས་པ་བཀའ་བརྒྱུད་མཁྱེན་ནོ། །

རྣམ་དག་སངས་རྒྱས་ཞིང་ནས་གཟིགས་ཤིག །

ཐབས་གྲོལ་ཉམས་ལེན་ཚུལ་བཞིན་འབྱོངས་ནས། །

མི་སློབ་ཟུང་འཇུག་བརྙེས་པར་མཛོད་ཅིག །

 

གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཁྱེན་ནོ། །

རྩོལ་མེད་ཐུགས་རྗེའི་ཀློང་ནས་གཟིགས་ཤིག །

བདེན་མེད་རྟོགས་པའི་བརྟུལ་ཞུགས་གྲུབ་ནས། །

རླུང་སེམས་རང་དབང་འདུ་བར་མཛོད་ཅིག །

 

ཕ་གཅིག་དམ་པ་སངས་རྒྱས་མཁྱེན་ནོ། །

ལས་རབ་གྲུབ་པའི་དབྱིངས་ནས་གཟིགས་ཤིག །

བརྒྱུད་པའི་བྱིན་རླབས་སྙིང་ལ་ཞུགས་ནས། །

རྟེན་འབྲེལ་ཕྱོགས་མེད་འཆར་བར་མཛོད་ཅིག །

 

མ་གཅིག་ལབ་ཀྱི་སྒྲོན་མ་མཁྱེན་ནོ། །

ཤེས་རབ་ཕར་ཕྱིན་ཀློང་ནས་གཟིགས་ཤིག །

བདག་འཛིན་སྙེམས་བྱེད་རྩད་ནས་ཆོད་ཅིང༌། །

བདག་མེད་སྤྲོས་བྲལ་བདེན་མཐོང་མཛོད་ཅིག །

 

ཀུན་མཁྱེན་དོལ་པོ་སངས་རྒྱས་མཁྱེན་ནོ། །

རྣམ་ཀུན་མཆོག་ལྡན་དབྱིངས་ནས་གཟིགས་ཤིག །

འཕོ་བའི་དབུགས་རྣམས་དབུ་མར་འགགས་ནས། །

འཕོ་བྲལ་རྡོ་རྗེའི་སྐུ་ཐོབ་མཛོད་ཅིག །

 

རྗེ་བཙུན་ཏཱ་ར་ནཱ་ཐ་མཁྱེན་ནོ། །

རྣམ་གསུམ་ཕོ་ཉའི་དབྱིངས་ནས་གཟིགས་ཤིག །

རྡོ་རྗེའི་གསང་ལམ་གེགས་མེད་བགྲོད་ནས། །

འཇའ་ལུས་མཁའ་སྤྱོད་འགྲུབ་པར་མཛོད་ཅིག །

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན་ནོ། །

མཁྱེན་གཉིས་ཡེ་ཤེས་དབྱིངས་ནས་གཟིགས་ཤིག །

མི་ཤེས་བློ་ཡི་མུན་པ་སངས་ནས། །

མཁྱེན་རབ་སྣང་བ་རྒྱས་པར་མཛོད་ཅིག །

 

འོད་གསལ་སྤྲུལ་པའི་རྡོ་རྗེ་མཁྱེན་ནོ། །

འཇའ་ཟེར་འོད་ལྔའི་ཀློང་ནས་གཟིགས་ཤིག །

ཐིག་རླུང་སེམས་ཀྱི་དྲི་མ་དག་ནས། །

གཞོན་ནུ་བུམ་སྐུར་བྱང་ཆུབ་མཛོད་ཅིག །

 

པདྨ་མདོ་སྔགས་གླིང་པ་མཁྱེན་ནོ། །

བདེ་སྟོང་འགྱུར་མེད་ཀློང་ནས་གཟིགས་ཤིག །

རྒྱལ་དང་རྒྱལ་སྲས་དགོངས་པ་མཐའ་དག །

བདག་གིས་ཡོངས་སུ་སྐོང་ནུས་མཛོད་ཅིག །

 

ངག་དབང་ཡོན་ཏན་རྒྱ་མཚོ་མཁྱེན་ནོ། །

དབྱིངས་ཡེ་ཟུང་འཇུག་ཀློང་ནས་གཟིགས་ཤིག །

སྣང་བའི་བདེན་འཛིན་ཧྲུལ་གྱིས་ཞིག་ནས། །

གང་བྱུང་ལམ་དུ་འཁྱེར་ནུས་མཛོད་ཅིག །

 

རྒྱལ་སྲས་བློ་གྲོས་མཐའ་ཡས་མཁྱེན་ནོ། །

བྱམས་དང་སྙིང་རྗེའི་ངང་ནས་གཟིགས་ཤིག །

འགྲོ་ཀུན་དྲིན་ཅན་ཕ་མར་ཤེས་ནས། །

གཞན་ཕན་སྙིང་ནས་སྒྲུབ་ནུས་མཛོད་ཅིག །

 

པདྨ་གར་གྱི་དབང་ཕྱུག་མཁྱེན་ནོ། །

བདེ་ཆེན་འོད་གསལ་དབྱིངས་ནས་གཟིགས་ཤིག །

དུག་ལྔ་ཡེ་ཤེས་ལྔ་རུ་གྲོལ་ནས། །

སྤང་ཐོབ་གཉིས་འཛིན་ཞིག་པར་མཛོད་ཅིག །

 

བསྟན་གཉིས་གཡུང་དྲུང་གླིང་པ་མཁྱེན་ནོ། །

སྲིད་ཞི་མཉམ་ཉིད་དབྱིངས་ནས་གཟིགས་ཤིག །

མོས་གུས་རྣལ་མ་རྒྱུད་ལ་སྐྱེས་ནས། །

རྟོགས་གྲོལ་དུས་མཉམ་ཆེན་པོར་མཛོད་ཅིག །

 

དྲིན་ཅན་རྩ་བའི་བླ་མ་མཁྱེན་ནོ། །

སྤྱི་གཙུག་བདེ་ཆེན་གནས་ནས་གཟིགས་ཤིག །

རང་རིག་ཆོས་སྐུའི་རང་ཞལ་མཇལ་ནས། །

ཚེ་གཅིག་སངས་རྒྱས་འགྲུབ་པར་མཛོད་ཅིག །

 

ཀྱེ་མ།

བདག་འདྲའི་སེམས་ཅན་ལས་ངན་སྡིག་ཏོ་ཅན། །

ཐོག་མེད་དུས་ནས་འཁོར་བར་ཡུན་རིང་འཁྱམས། །

ད་དུང་སྡུག་བསྔལ་མཐའ་མེད་མྱོང་འགྱུར་བས། །

སྐྱོ་ཤས་སྐད་ཅིག་ཙམ་ཡང་མ་སྐྱེས་པས། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

ངེས་འབྱུང་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །

 

དལ་འབྱོར་ཐོབ་ཀྱང་མི་ཚེ་སྟོང་ཟད་མཁན། །

དོན་མེད་ཚེ་འདིར་བྱ་བས་རྟག་ཏུ་གཡེང༌། །

དོན་ཆེན་ཐར་པ་སྒྲུབ་ལ་ལེ་ལོས་ཁྱེར། །

ནོར་བུའི་གླིང་ནས་ལག་སྟོང་ལོག་གྱུར་པས། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

མི་ལུས་དོན་ལྡན་འགྲུབ་པར་བྱིན་གྱིས་རློབས། །

 

མ་ཤི་ས་སྟེང་ལུས་པ་གཅིག་ཀྱང་མེད། །

ད་ལྟ་གཅིག་རྗེས་གཉིས་མཐུད་ཕ་རོལ་འགྲོ། །

རང་ཡང་མྱུར་བ་ཉིད་དུ་འཆི་དགོས་ཀྱང༌། །

ཡུན་རིང་སྡོད་གྲབས་བྱེད་པའི་སྙིང་རུལ་པོ། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

ལོང་མེད་བློ་སྣ་ཐུང་བར་བྱིན་གྱིས་རློབས། །

 

སྙིང་དུ་སྡུག་པའི་མཛའ་བཤེས་སོ་སོར་བྲལ། །

སེར་སྣས་བསགས་པའི་ནོར་རྫས་གཞན་གྱིས་སྤྱོད། །

གཅེས་པའི་ལུས་ཀྱང་ཤུལ་དུ་བོར་ནས་སུ། །

རྣམ་ཤེས་བར་དོ་གཏོལ་མེད་འཁོར་བར་འཁྱམས། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

ཅིས་ཀྱང་དགོས་མེད་རྟོགས་པར་བྱིན་གྱིས་རློབས། །

 

འཇིགས་པའི་མུན་པ་ནག་པོས་སྔོན་ནས་བསུ། །

ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་དེད། །

མི་སྡུག་གཤིན་རྗེའི་ཕོ་ཉས་བརྡེག་ཅིང་བཙོག །

བཟོད་དཀའ་ངན་འགྲོའི་སྡུག་བསྔལ་མྱོང་དགོས་ན། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

ངན་སོང་གཡང་ལས་ཐར་བར་བྱིན་གྱིས་རློབས། །

 

རང་སྐྱོན་རི་བོ་ཙམ་ཡང་ཁོང་དུ་སྦས། །

གཞན་སྐྱོན་ཏིལ་འབྲུ་ཙམ་ཡང་སྒྲོགས་ཅིང་སྨོད། །

ཡོན་ཏན་ཅུང་ཟད་མེད་ཀྱང་བཟང་པོར་རློམ། །

ཆོས་པའི་མིང་བཏགས་ཆོས་མིན་ཁོ་ནར་སྤྱོད། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

རང་འདོད་ང་རྒྱལ་ཞི་བར་བྱིན་གྱིས་རློབས། །

 

གཏན་ཕུང་བདག་འཛིན་འགོང་པོ་ཁོང་དུ་བཅུག །

བསམ་ཚད་ཐམས་ཅད་ཉོན་མོངས་འཕེལ་བའི་རྒྱུ། །

བྱས་ཚད་ཐམས་ཅད་མི་དགེའི་འབྲས་བུ་ཅན། །

ཐར་པའི་ལམ་དུ་ཕྱོགས་ཙམ་མ་ཕྱིན་པས། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

ངར་འཛིན་རྩད་ནས་ཆོད་པར་བྱིན་གྱིས་རློབས། །

 

བསྟོད་སྨད་ཙམ་ལ་དགའ་དང་མི་དགའ་སྐྱེ། །

ཚིག་ངན་ཙམ་ལ་བཟོད་པའི་གོ་ཆ་ཤོར། །

ཉམ་ཐག་མཐོང་ཡང་སྙིང་རྗེའི་སེམས་མི་སྐྱེས། །

སྦྱིན་ཡུལ་བྱུང་དུས་སེར་སྣའི་མདུད་པས་བཅིང༌། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

སེམས་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །

 

འཁོར་བ་སྙིང་པོ་མེད་ལ་སྙིང་པོར་བཟུང༌། །

ལྟོ་གོས་ཕྱིར་དུ་གཏན་འདུན་ལིང་གིས་བོར། །

མཁོ་རྒུ་ཚང་ཡང་དགོས་དགོས་ཕྱི་ཕྱིར་མང༌། །

མི་བདེན་སྒྱུ་མའི་ཆོས་ཀྱིས་རང་སེམས་བསླུས། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

ཚེ་འདི་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །

 

ལུས་སེམས་སྡུག་བསྔལ་ཕྲ་མོའང་མི་བཟོད་ཀྱང༌། །

ངན་འགྲོར་འགྲོ་ལ་མི་འཚེར་སྙིང་རྡོས་ཅན། །

རྒྱུ་འབྲས་བསླུ་མེད་མངོན་སུམ་མཐོང་བཞིན་དུ། །

དགེ་བ་མི་འགྲུབ་སྡིག་པའི་ཡོ་ལང་འཕེལ། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

ལས་ལ་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །

 

དགྲ་ལ་སྡང་སེམས་གཉེན་ལ་ཆགས་སེམས་སྐྱེ། །

བླང་དོར་གནས་ལ་གཏི་མུག་མུན་ལྟར་འཐོམ། །

ཆོས་བཞིན་སྤྱོད་ཚེ་བྱིངས་རྨུགས་གཉིད་དབང་ཤོར། །

ཆོས་མིན་སྤྱོད་ཚེ་དབང་པོ་གསལ་ཅིང་གྲུང༌། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

ཉོན་མོངས་དགྲ་བོ་ཆོམ་པར་བྱིན་གྱིས་རློབས། །

 

ཕྱི་ནས་བལྟས་ན་ཡང་དག་ཆོས་པའི་གཟུགས། །

ནང་དུ་རང་སེམས་ཆོས་དང་མ་འདྲེས་པས། །

སྦྲུལ་གདུག་བཞིན་དུ་ཉོན་མོངས་ཁོང་ན་སྦས། །

རྐྱེན་དང་འཕྲད་ཚེ་ཆོས་པའི་མཚང་རྟགས་སྟོན། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

རང་རྒྱུད་རང་གིས་ཐུལ་བར་བྱིན་གྱིས་རློབས། །

 

རང་སྐྱོན་ངན་པ་རང་གིས་མ་རྟོགས་པས། །

ཆོས་པའི་གཟུགས་བཟུང་ཆོས་མིན་སྣ་ཚོགས་སྤྱོད། །

ཉོན་མོངས་མི་དགེའི་ལས་ལ་ཤུགས་ཀྱིས་གོམས། །

དགེ་བློ་ཡང་ཡང་སྐྱེད་ཀྱང་ཡང་ཡང་ཆད། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

རང་སྐྱོན་རང་གིས་མཐོང་བར་བྱིན་གྱིས་རློབས། །

 

ཞག་རེ་སོང་བཞིན་འཆི་ལ་ཕར་ཕར་ཉེ། །

ཉིན་རེ་ལོན་བཞིན་རང་རྒྱུད་ཕྱིར་ཕྱིར་གྱོང༌། །

བླ་མ་བསྟེན་བཞིན་མོས་གུས་རིམ་གྱིས་འགྲིབ། །

མཆེད་ལ་བརྩེ་གདུང་དག་སྣང་ཇེ་ཆུང་སོང༌། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

རྨུ་རྒོད་རང་རྒྱུད་ཐུལ་བར་བྱིན་གྱིས་རློབས། །

 

སྐྱབས་འགྲོ་སེམས་བསྐྱེད་གསོལ་འདེབས་བྱས་ན་ཡང༌། །

མོས་གུས་སྙིང་རྗེ་གཏིང་ནས་མ་སྐྱེས་པས། །

ཚིག་ཙམ་དབང་གྱུར་ཆོས་སྤྱོད་དགེ་སྦྱོར་རྣམས། །

བྱས་ལོ་ཙམ་ལས་རྒྱུད་ཐོག་མ་ཁེལ་བས། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

ཅི་བྱས་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །

 

བདག་བདེ་འདོད་ལས་སྡུག་བསྔལ་ཐམས་ཅད་འབྱུང༌། །

གཞན་ཕན་སེམས་ཀྱིས་སངས་རྒྱས་འགྲུབ་གསུངས་ཀྱང༌། །

སེམས་མཆོག་བསྐྱེད་ཅིང་རང་འདོད་ཕུག་ཏུ་བཅུག །

གཞན་ཕན་ལྟ་ཅི་གཞན་གནོད་ཞོར་ལ་སྒྲུབ། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

བདག་གཞན་བརྗེ་བར་ནུས་པར་བྱིན་གྱིས་རློབས། །

 

སངས་རྒྱས་དངོས་སྣང་བླ་མ་མི་རུ་བཟུང༌། །

གདམས་ཟབ་སྟོན་པའི་བཀའ་དྲིན་ངང་གིས་བརྗེད། །

རང་འདོད་མ་བྱུང་ཚེ་ན་ཡི་ཆད་བསྒོམ། །

མཛད་སྤྱོད་རྣམས་ལ་ཐེ་ཚོམ་ལོག་ལྟས་སྒྲིབ། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

མོས་གུས་འགྲིབ་མེད་འཕེལ་བར་བྱིན་གྱིས་རློབས། །

 

རང་སེམས་སངས་རྒྱས་ཡིན་ཀྱང་ངོ་མ་ཤེས། །

རྣམ་རྟོག་ཆོས་སྐུ་ཡིན་ཀྱང་དོན་མ་རྟོགས། །

མ་བཅོས་གཉུག་མ་ཡིན་ཀྱང་སྐྱོང་མ་ནུས། །

རང་བབས་གནས་ལུགས་ཡིན་ཀྱང་ཡིད་མ་ཆེས། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

རང་རིག་རང་སར་གྲོལ་བར་བྱིན་གྱིས་རློབས། །

 

ཡོང་ངེས་འཆི་བ་སྙིང་ནས་དྲན་མ་ཐུབ། །

ཕན་ངེས་དམ་ཆོས་ཚུལ་བཞིན་སྒྲུབ་མ་ནུས། །

བདེན་ངེས་ལས་འབྲས་བླང་དོར་ཚུལ་བཞིན་མེད། །

དགོས་ངེས་དྲན་ཤེས་མ་བརྟེན་གཡེང་བས་ཁྱེར། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

ཡེངས་མེད་དྲན་པས་ཟིན་པར་བྱིན་གྱིས་རློབས། །

 

སྔོན་ལས་ངན་པས་སྙིགས་མའི་དུས་མཐར་སྐྱེས། །

སྔར་བྱས་ཐམས་ཅད་སྡུག་བསྔལ་རྒྱུ་རུ་སོང༌། །

གྲོགས་ངན་རྣམས་ཀྱིས་སྡིག་པའི་གྲིབ་མས་གཡོགས། །

དོན་མེད་གླེང་མོས་དགེ་སྦྱོར་གཡེང་བས་ཁྱེར། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

ཆོས་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །

 

དང་པོར་བསམ་རྒྱུ་ཆོས་ལས་མེད་པ་ལ། །

ཐ་མ་གྲུབ་འབྲས་འཁོར་བ་ངན་སོང་རྒྱུ། །

ཐར་པའི་ལོ་ཏོག་མི་དགེའི་སད་ཀྱིས་བཅོམ། །

གཏན་འདུན་ཉེས་པའི་རྨུ་རྒོད་བདག་འདྲ་རྣམས། །

བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །

དམ་ཆོས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །

 

སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །

ལོང་མེད་བློ་སྣ་ཐུང་བར་བྱིན་གྱིས་རློབས། །

འཆི་བ་སྙིང་ནས་དྲན་པར་བྱིན་གྱིས་རློབས། །

ལས་ལ་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །

 

ལམ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །

སྒྲུབ་ལ་བརྩོན་འགྲུས་ནུས་པར་བྱིན་གྱིས་རློབས། །

རྐྱེན་ངན་ལམ་དུ་ལོང་པར་བྱིན་གྱིས་རློབས། །

གཉེན་པོ་རང་ཚུགས་ཐུབ་པར་བྱིན་གྱིས་རློབས། །

 

བཅོས་མིན་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །

གནས་ལུགས་རང་ཞལ་མཇལ་བར་བྱིན་གིས་རློབས། །

རང་རིག་སྙིང་དབུས་སད་པར་བྱིན་གྱིས་རློབས། །

འཁྲུལ་སྣང་གཞི་རྩ་ཆོད་པར་བྱིན་གྱིས་རློབས། །

ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །

 

གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །

གདུང་བས་འབོད་དོ་དྲིན་ཅན་ཆོས་ཀྱི་རྗེ། །

སྐལ་མེད་བདག་ལ་རེ་ས་ཁྱོད་ལས་མེད། །

ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །

 

ཚུལ་འདི་མོས་ལྡན་དགེ་སྦྱོང་འགའ་ཞིག་གིས་སྔ་སོར་ནས་བསྐུལ་ཡང་རིམ་ལུས་སུ་གྱུར་པ། ཉེ་ཆར་རིགས་ལྡན་ཆོས་མཛད་མ་བསམ་འགྲུབ་སྒྲོན་མ་དང༌། དེ་བ་རཀྵི་ཏ་ཟུང་གིས་ནན་ཏན་བསྐུལ་ངོར་སྙིགས་དུས་བླ་མའི་གཟུགས་བརྙན་འཛིན་པ་༧བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་ནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

 

འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།

Jamgön Kongtrul Lodrö Thayé

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept