The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Jamyang Chökyi Lodrö—Tibetan

English | བོད་ཡིག

༄༅། །མཆོག་སྤྲུལ་ཐམས་ཅད་མཁྱེན་པའི་གསོལ་འདེབས་བྱིན་རླབས་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ།།

 

དུས་གསུམ་རྒྱལ་བའི་ཡབ་གཅིག་འཇ༵མ་པའི་དབྱ༵ངས། །

ཟབ་རྒྱས་ཆོས༵་ཀྱི༵་དགའ་སྟོན་སྤེལ་སླད་དུ། །

བློ༵་གྲོ༵ས་མཚུངས་མེད་བཤེས་གཉེན་མཆོག་གི་སྐུར། །

ཡོངས་ཤར་ཁྱབ་བདག་བླ་མ་ཞབས་བརྟན་གསོལ། །

 

ལེགས་གསུང་འདུལ་བའི་ཁྲིམས་ཀྱི་ཡུ་བ་བརྟན། །

བྱང་ཆུབ་སེམས་གཉིས་དར་གྱི་ལྷབ་ལྷུབ་གཡོ། །

གསང་ཆེན་སྨིན་གྲོལ་ནོར་བུའི་ཏོག་ལྡན་པ། །

ཡོངས་འཛིན་བསྟན་པའི་རྒྱལ་མཚན་མཆོག་ལ་འདུད། །

 

མང་དུ་ཐོས་པའི་ནོར་གྱིས་རྒྱུད་ཕྱུག་ཅིང་། །

དེ་དོན་བསམ་པའི་སྒྲོ་འདོགས་ནང་ནས་ཆོད། །

རྩེ་གཅིག་བསྒོམ་པའི་ཏིང་འཛིན་བདུད་རྩི་ཡིས། །

རྟོགས་པའི་ལུས་སྟོབས་རྒྱས་པ་དེ་ལ་འདུད། །

 

མཁྱེན་པའི་ཡེ་ཤེས་ཟུང་གི་སྤྱན་དང་ལྡན། །

བརྩེ་བའི་ཐུགས་རྗེ་འགྲོ་ཀུན་རྗེས་སུ་འཛིན། །

གང་གི་ནུས་པ་ལུང་རྟོགས་བསྟན་པའི་དཔལ། །

མཚུངས་མེད་བླ་མ་དམ་པའི་ཞབས་ལ་འདུད། །

 

འཆད་པའི་ལེགས་བཤད་སྐལ་ལྡན་གདུལ་བྱའི་དཔལ། །

རྩོད་པའི་རིགས་པས་ཕས་རྒོལ་ལོག་ལྟ་འཇོམས། །

རྩོམ་ཕྲེང་རྒྱལ་བསྟན་མཛེས་པའི་རྒྱན་གྱུར་པ། །

སྨྲ་བའི་དབང་པོ་མཆོག་གི་ཞབས་ལ་འདུད། །

 

སྙིགས་དུས་གངས་ཅན་བོད་ཀྱི་གདུལ་བྱ་ལ། །

དམིགས་མེད་བརྩེ་བའི་ཐུགས་ཀྱིས་རྟག་དགོངས་ཤིང་། །

བསྡུ་དངོས་བཞི་ཡི་ལེགས་མཛད་མཐའ་ཡས་པས། །

ཕན་བདེའི་དགའ་སྟོན་སྤེལ་མཛད་ཞབས་ལ་འདུད། །

 

དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །

དྲི་མེད་ཐུབ་བསྟན་ཕྱོགས་བཅུར་རྒྱས་པ་དང་། །

བསྟན་འཛིན་སྐྱེས་མཆོག་ཞབས་པད་རྟག་བརྟན་ཅིང་། །

རྣམ་དཀར་ཕྲིན་ལས་རྒྱས་པར་མཛད་དུ་གསོལ། །

 

ཡུལ་ཕྱོགས་ཀུན་ཏུ་ནད་མུག་འཁྲུགས་རྩོད་སོགས། །

སྙིགས་མའི་དུས་ལྟས་ངན་པ་ཀུན་ཞི་ནས། །

འགྲོ་ཀུན་དགེ་བཅུའི་དཔལ་ལ་སྤྱོད་པ་སོགས། །

རྫོགས་ལྡན་གསར་པའི་བདེ་འབྱོར་རྒྱས་པར་མཛོད། །

 

ཁྱད་པར་བདག་ཅག་དེང་ནས་བྱང་ཆུབ་བར། །

མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་ཞིང་། །

ཐོས་བསམ་སྒོམ་པའི་རིམ་པ་མཐར་ཕྱིན་ནས། །

ཐམས་ཅད་གཟིགས་པའི་གོ་འཕང་མྱུར་ཐོབ་ཤོག།

 

ཅེས་པ་འདི་ནི་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁྱེན་རབ་བསྟན་འཛིན་གྱིས་བསྐུལ་ངོར། ཤཱཀྱའི་དགེ་སློང་ངག་དབང་ལེགས་པས་སྡེ་གཞུང་མའི་གྲྭ་ཚང་བཤད་སྒྲུབ་དར་རྒྱས་གླིང་དུ་བྲིས་པ་དགེའོ།།

 

སྒ་སྟོན་ངག་དབང་ལེགས་པ།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Further information:

BDRC Author Profiles: P812 P733

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept