Guru Yoga—Tibetan
༄༅། །བླ་མའི་རྣལ་འབྱོར་ཡེ་ཤེས་གཟི་འབར་བཞུགས།
ན་མོ་གུ་རུ།
རང་གི་སྤྱི་བོར་ཆུ་སྐྱེས་གེ་སར་ལྟེར། །
ཐབས་ཤེས་ཉི་ཟླ་མཛེས་པའི་ཁྲི་སྟེང་ནས། །
དུས་གསུམ་རྒྱལ་ཀུན་ཡེ་ཤེས་འདུས་པའི་གཟུགས། །
དཀོན་མཆོག་ཀུན་འདུས་བླ་མ་ཀརྨ་པ། །
ཞི་འཛུམ་བདེ་ཆེན་རྒྱས་པའི་ཉམས་བརྒྱ་འབར། །
ཕྱག་གཉིས་བདེ་སྟོང་རྡོར་དྲིལ་ཐུགས་ཀར་བསྣོལ། །
ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །
དབུ་ལ་ཞྭ་ནག་སྐུ་ལ་ཆོས་གོས་གསོལ། །
གནས་བཞིར་ཨོཾ་དཀར་ཨཱཿདམར་ཧཱུྃ་སྔོན་དང་། །
ཧོཿསེར་དེ་རྣམས་མར་མེ་ལྟ་བུ་འབར། །
ཡེ་ཤེས་ཆོས་སྐུའི་གཟི་བྱིན་འབར་བའི་ཀློང་། །
རྩ་གསུམ་རྒྱ་མཚོའི་འཕྲོ་འདུ་འགྱེད་བཞིན་གསལ། །
དཔལ་ལྡན་བླ་མ་མཚུངས་མེད་རྡོ་རྗེ་འཆང་། །
སངས་རྒྱས་ཀུན་དངོས་འགྲོ་མགོན་ཧེ་རུ་ཀར། །
སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས། །
ཐུགས་རྗེས་གཟིགས་ཤིག་ཕྱི་ནང་བར་ཆད་གསོལ། །
བྱིན་གྱིས་རློབས་ཤིག་གྲུབ་གཉིས་དངོས་གྲུབ་སྩོལ། །
ཞེས་གསོལ་བཏབ་པས་སྐུ་ཡི་གནས་བཞི་ནས། །
འོད་ཟེར་རིམ་དང་གཅིག་ཅར་སྤྲོས་པ་ཡིས། །
ནད་གདོན་ཀུན་ཞི་ཚེ་བསོད་དཔལ་འབྱོར་རྒྱས། །
སྣང་བ་དབང་འདུས་གདོན་བགེགས་བྲལ་པར་བརླག །
དབང་བཞི་བསྐུར་ཞིང་སྒྲིབ་བྱང་སྐུ་བཞིར་སྨིན། །
གཉིས་མེད་ཡེ་ཤེས་དོན་གྱི་དགོངས་ཉམས་ལོན། །
ཀ་དག་ཆོས་སྐུའི་ངང་དུ་མཉམ་པར་བཞག །
ཀརྨ་པ་མཁྱེན་ནོ། །
ཞེས་གྲངས་མེད་བརྗོད། མཐར།
བླ་མ་དགྱེས་པས་འོད་ཞུ་རང་ལ་ཐིམ། །
བླ་མའི་ཐུགས་དང་རང་སེམས་དབྱེར་མེད་འདྲེས། །
མཐའ་བྲལ་ཟབ་མོ་ཀུན་ཏུ་བཟང་པོའི་དབྱིངས། །
གང་ཤར་འཛིན་མེད་རང་གྲོལ་ལམ་དུ་ཁྱེར། །
དགེ་འདིས་འགྲོ་ཀུན་ཉེས་པའི་གཡུལ་ལས་གྲོལ། །
ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག་ཐོབ་ཤོག །
ཅེས་པའང་དད་ལྡན་འཇང་བ་ཀརྨ་རང་བྱུང་ནས་ཆེད་དུ་བསྐུལ་ངོར། དཔལ་ཀརྨ་པས་བྲིས།།