Siṃhamukhā Victory Song—Tibetan
༄༅། །བདུད་འདུལ་དྲག་མོ་སེང་ཞལ་མའི་རྒྱལ་དབྱངས་བ་དན་དཀར་པོའི་ཆེ་རྟགས་ཞེས་བྱ་བ།
ཧཱུྃ། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །
བདེ་སྟོང་མཉམ་རྫོགས་རོལ་པའི་དོན་བསྒོམས་པས། །
གཟུང་འཛིན་མཚན་མར་རྟོག་པའི་གཡུལ་ངོ་ལས། །
ད་ནི་སྔགས་འཆང་རྣལ་འབྱོར་གཡས་སུ་རྒྱལ། །
ཧཱུྃ། གྲགས་སྟོང་བཟླས་པ་སྔགས་ཀྱི་དཀྱིལ་འཁོར་དུ། །
བདེན་ཚིག་རིག་སྔགས་དམོད་པའི་མཚོན་ཆ་ཡིས། །
དགྲ་གདོན་ངན་སྔགས་བྱད་མའི་གཡུལ་ངོ་ལས། །
ད་ནི་སྔགས་འཆང་རྣལ་འབྱོར་གཡས་སུ་རྒྱལ། །
ཧཱུྃ། དག་མཉམ་སྣང་སྲིད་གཞི་བཞེངས་དཀྱིལ་འཁོར་དུ། །
འཇིགས་མཛད་རྡོ་རྗེ་སྲིན་མོའི་སླར་བསྒོམས་པས། །
བར་ཆད་དགྲ་འདྲེ་བྱུར་གསུམ་གཡུལ་ངོ་ལས། །
ད་ནི་སྔགས་འཆང་རྣལ་འབྱོར་གཡས་སུ་རྒྱལ། །
རྒྱལ་ལོ་བླ་མེད་བླ་མ་དཀོན་མཆོག་གསུམ། །
བདུད་ཀྱི་བདུད་ཆེན་རྣམ་པར་རྒྱལ་བའི་དབྱངས། །
གྲགས་པ་སྲིད་རྩེའི་བར་དུ་འབར་བ་ཡིས། །
སྔགས་འཆང་བདག་ཅག་ཕྱོགས་ལས་རྣམ་པར་རྒྱལ། །
རྒྱལ་ལོ། ལྷ་རྒྱལ་ལོ།
ཞེས་པ་སྤྲང་སྨྱོན་འཇིགས་མེད་པས་ཤར་མར་བྲིས།