The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Siṃhamukhā Lineage Prayer—Tibetan

English | བོད་ཡིག

༄༅། །ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་གྱི་གསོལ་འདེབས་བྱིན་རླབས་ཆར་འབེབས།

 

ཆོས་དབྱིངས་སྤྲོས་པ་བྲལ་བའི་ཞིང་ཁམས་ནས། །

ཆོས་སྐུ་ཀུན་ཏུ་བཟང་མོ་ལ་གསོལ་བ་འདེབས། །

སྤྲོས་བྲལ་བློ་འདས་རྟོགས་པར་བྱིན་གྱིས་རློབས། །

 

ལྷུན་གྲུབ་འདུས་མ་བྱས་པའི་ཕོ་བྲང་ནས། །

ལོངས་སྐུ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །

བདེ་སྟོང་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །

 

འགྲོ་འདུལ་ཐུགས་རྗེ་སྤྲུལ་པའི་གནས་མཆོག་ནས། །

སྤྲུལ་སྐུ་སེང་ཧ་མུ་ཁ་ལ་གསོལ་བ་འདེབས། །

གཞན་དོན་རླབས་ཆེན་འགྲུབ་པར་བྱིན་གྱིས་རློབས། །

 

དབང་ཡུལ་སྐྱེ་མཆེད་དག་པའི་ཕོ་བྲང་ནས། །

རྡོ་རྗེ་ཕྲ་མེན་དྲུག་ལ་གསོལ་བ་འདེབས། །

འཁྲུལ་རྟོག་ལྷ་རུ་འཆར་བར་བྱིན་གྱིས་རློབས། །

 

རྟོག་ཚོགས་རང་སར་གྲོལ་བའི་ཕོ་བྲང་ནས། །

མཁའ་འགྲོ་སུམ་ཅུ་གཉིས་ལ་གསོལ་བ་འདེབས། །

ཉོན་མོངས་རང་ངོར་གྲོལ་བར་བྱིན་གྱིས་རློབས། །

 

ཕྲིན་ལས་མུ་མཐའ་མེད་པའི་ཕོ་བྲང་ནས། །

འབུམ་ཕྲག་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །

འགྲོ་དོན་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །

 

དྲུག་ལྡན་གསང་ཆེན་རྡོ་རྗེའི་ཕོ་བྲང་ནས། །

རིག་འཛིན་འཇིགས་མེད་གླིང་པ་ལ་གསོལ་བ་འདེབས། །

ལྷ་ཚོགས་བླ་མར་ཤེས་པར་བྱིན་གྱིས་རློབས། །

 

ཁ་སྐོང་ནི།

གཞོམ་བྲལ་ཆོས་དབྱིངས་དག་པའི་ཕོ་བྲང་ནས། །

རིག་འཛིན་ལག་ན་རྡོ་རྗེ་ལ་གསོལ་བ་འདེབས། །

རྣམ་བྱང་མངོན་སུམ་རིག་པར་བྱིན་གྱིས་རློབས། །

 

བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་ཕོ་བྲང་ནས། །

སྣང་མཛད་རིག་པའི་རྡོ་རྗེ་ལ་གསོལ་བ་འདེབས། །

དགོངས་བརྒྱུད་ཡེ་ཤེས་འཕོ་བར་བྱིན་གྱིས་རློབས། །

 

རྩོལ་བྲལ་འོད་གསལ་སྙིང་པོའི་ཕོ་བྲང་ནས། །

གྲུབ་དབང་པདྨ་བཛྲ་ལ་གསོལ་བ་འདེབས།

གཟུང་འཛིན་འཁྲུལ་པ་ཞིག་པར་བྱིན་གྱིས་རློབས། །

 

སྤངས་རྟོགས་རྩལ་ཆེན་རྫོགས་པའི་ཕོ་བྲང་ནས། །

འོད་གསལ་སྤྲུལ་པའི་རྡོ་རྗེ་ལ་གསོལ་བ་འདེབས། །

ཟུང་འཇུག་ལམ་བཟང་རྙེད་པར་བྱིན་གྱིས་རློབས། །

 

མོས་གུས་རིན་ཆེན་བརྩེགས་པའི་ཕོ་བྲང་ནས། །

དྲིན་ཆེན་ཆོས་རྗེ་བླ་མ་ལ་གསོལ་བ་འདེབས། །

དོན་གཉིས་ཕྱོགས་མེད་འགྲུབ་པར་བྱིན་གྱིས་རློབས། །

 

རྡོ་གྲུབ་གསུམ་པས་སོ།

 

བཀའ་གཏེར་དག་སྣང་ལྕགས་རི་ལེགས་སྲུང་བའི། །

གཏེར་བདག་ཆོས་སྲུང་རྣམས་ལ་གསོལ་བ་འདེབས། །

དགྲ་བགེགས་ནུས་མཐུས་སྒྲོལ་བར་བྱིན་གྱིས་རློབས། །

 

དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །

བདག་ཅག་སྒྲུབ་པོའི་སྒོ་གསུམ་གནས་འགྱུར་ནས། །

སིངྷ་མུ་ཁའི་གསང་གསུམ་རྡོ་རྗེའི་ཁམས། །

མངོན་གྱུར་བསྟན་འགྲོར་ཕན་པའི་མཐུ་ཐོབ་ཤོག། །

 

དེ་ལྟར་ཡུམ་ཀའི་གསང་སྒྲུབ་ཀྱི། །
གསོལ་འདེབས་བྱིན་རླབས་ཆར་འབེབས་འདི། །
རིག་འཛིན་འཇིགས་མེད་གླིང་པ་ཡི། །
ཞབས་པད་སྤྱི་བོར་ལེགས་བསྟེན་པ། །
འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས། །
བྲིས་འདི་འགྲོ་ལ་སྨན་གྱུར་ཅིག། །

 

རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

Siṃhamukhā

Further information:

BDRC Author Profiles: P293 P248

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept