The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Truthful Words of a Sage—Tibetan

English | བོད་ཡིག

༁ྃ༾༔ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ སྨོན་ལམ་དྲང་སྲོང་བདེན་ཚིག༔

 

ཨེ་མ་ཧོ༔

ཆོས་སྐུ་རྡོར་འཆང་ལོངས་སྐུ་རྡོ་རྗེ་སེམས༔

སྤྲུལ་སྐུ་དྲང་སྲོང་དྲི་མེད་གསང་བའི་བདག༔

དགའ་རབ་ཤྲཱི་སེང་པད་འབྱུང་བཱི་མ་ལ༔

ཀུན་འདུས་རྩ་བའི་བླ་མ་ཐོད་ཕྲེང་རྩལ༔

རྩ་གསུམ་ལྷ་དང་དྲང་སྲོང་རིག་འཛིན་ཚོགས༔

བདག་གི་བདེན་ཚིག་འགྲུབ་པའི་དཔང་པོར་བཞུགས༔

 

ཐོག་མར་འཁྲུལ་པ་ནས་བཟུང་ད་ལྟའི་བར༔

སྲིད་འདིར་བདག་ལུས་གྲངས་མེད་བླངས་གྱུར་ཀྱང༔

སྟོང་ཉིད་བྱང་ཆུབ་སེམས་ཀྱིས་མ་ཟིན་པས༔

ད་དུང་ཆགས་སྡང་འཆིང་བ་དམ་པོས་བཅིང༔

བདག་ནི་མ་རིག་འཐིབས་པོས་བསྒྲིབས་ལགས་ཀྱང་༔

བླ་མའི་ཐུགས་བསྐྱེད་དུས་སུ་སྨིན་པ་ཡིས༔

བདག་ཅག་ཡང་གསང་རྡོ་རྗེའི་ལམ་དང་ཕྲད༔

ད་ནི་ཆགས་སྡང་སྒྲོག་ལས་གྲོལ་བར་ཤོག༔

 

གྲངས་མེད་སྐྱེ་བར་ལས་ཀྱིས་འབྲེལ་པ་ཡི༔

ཐབས་ལམ་རྣམ་པར་རོལ་པའི་བདེ་ཆེན་གྲོགས༔

བྱམས་དང་བརྩེ་བས་བསྐྱངས་བའི་ཕ་མ་དང་༔

དམ་ཚིག་གཅིག་ཏུ་འབྲེལ་བའི་རྡོ་རྗེའི་མཆེད༔

གཙོ་གྱུར་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀུན༔

བློ་ལྡོག་རྣམ་པ་བཞི་ཡིས་རྒྱུད་བསྐུལ་ནས༔

རྩེ་གཅིག་དམ་པའི་ཆོས་ལ་བརྩོན་འགྲུས་བསྐྱེད༔

བསླབ་པ་གསུམ་གྱི་ཡོན་ཏན་མཐར་ཕྱིན་ཤོག༔

 

མ་ཧཱ་ཨ་ནུ་ཨ་ཏི་ཡོ་ག་ཡི༔

སྨིན་བྱེད་བྱིན་རླབས་དབང་བཞིས་རང་རྒྱུད་སྨིན༔

བསྐྱེད་དང་རྫོགས་པའི་ལམ་མཆོག་མཐར་ཕྱིན་ནས༔

མི་ཉམས་རྡོ་རྗེའི་དམ་ལ་གནས་པར་ཤོག༔

 

བདེ་ཆེན་རང་ལུས་རྒྱལ་བའི་དཀྱིལ་འཁོར་རྫོགས༔

རྩ་འབྱོངས་རླུང་ཆུན་ཐིག་ལེ་ལས་རུང་ཞིང་༔

དགའ་བཞིའི་ཡེ་ཤེས་སྟེར་བའི་མཛའ་ན་མོར་༔

སྦྱོར་བས་རླུང་སེམས་དབྱེར་མེད་འདྲེས་པར་ཤོག༔

 

ལྟ་བ་འཕོ་མེད་ཆོས་སྐུའི་རྒྱལ་ས་ཟིན༔

སྒོམ་པ་ཡེང་མེད་འཁྲུལ་གྲོལ་རེ་དོགས་བྲལ༔

སྤྱོད་པ་སྤང་བླང་བྲལ་བ་ཆོས་ཉིད་རྩལ༔

ཁྲེགས་ཆོད་འབྲས་བུ་གཞི་ལ་རྫོགས་པར་ཤོག༔

 

ཨ་ཏིའི་ལམ་གྱི་རྩ་བ་འོད་གསལ་གནད༔

ཐོད་རྒལ་སྒྲོན་མ་བཞི་ཡི་ལམ་མཆོག་ལ༔

གཡོ་ཐོབ་གོམས་བརྟན་མཐར་ཕྱིན་རྩལ་རྫོགས་ནས༔

བློ་བྲལ་ཆོས་ཟད་ཆེན་པོར་སངས་རྒྱས་ཤོག༔

 

ལམ་ལ་མ་ཞུགས་འབྲེལ་པའི་སེམས་ཅན་ཀུན༔

བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་དང་༔

རྗེས་འཛིན་སྨོན་ལམ་དྲག་པོའི་མཐུ་ནུས་ཀྱིས༔

བདེ་ཆེན་པོ་ཊ་དཔལ་རིར་སངས་རྒྱས་ཤོག༔

 

བདག་ཉིད་སྐྱེ་ཀུན་རྡོ་རྗེ་སློབ་དཔོན་དང་༔

ཟབ་ལམ་དགའ་བཞིས་འབྲེལ་པའི་རྡོ་རྗེའི་གྲོགས༔

དམ་ཚིག་གཅིག་པའི་མཆེད་ལྕམ་རིག་འཛིན་ཚོགས༔

མི་འབྲལ་དཀྱིལ་འཁོར་གཅིག་ཏུ་འཁོད་པར་ཤོག༔

 

སྣ་ཚོགས་ཐབས་ཀྱིས་སེམས་ཅན་དོན་བྱེད་ཅིང་༔

སྤྲུལ་པ་བྱེ་བ་ཕྲག་བརྒྱ་གྲངས་མེད་ཀྱིས༔

རང་རང་སྐད་དུ་ཐབས་མཁས་ཆོས་སྟོན་ཅིང་༔

འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་པར་ཤོག༔

 

མཐར་ཐུག་ཡབ་ཡུམ་ཐབས་ཤེས་མཆེད་ལྕམ་སྲས༔

ལོངས་སྐུ་ཆེན་པོའི་ཉམས་ལེན་མཐར་ཕྱིན་ནས༔

ཆོས་དབྱིངས་འོག་མིན་གཞོན་ནུ་བུམ་སྐུའི་ཀློང་༔

ཚོམ་བུ་གཅིག་ཏུ་དབྱེར་མེད་གྲོལ་བར་ཤོག༔

 

ཆོས་ཉིད་རང་བཞིན་རྣམ་པར་དག་པ་དང་༔

ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་མཐུས༔

བདེན་ཚིག་སྨོན་ལམ་གེགས་མེད་འགྲུབ་གྱུར་ནས༔

ཡང་གསང་བསྟན་པ་མི་ནུབ་མཐར་རྒྱས་ཤོག༔

 

སྨོན་ལམ་དྲང་སྲོང་བདེན་ཚིག་འདི༔   ཡང་གསང་ཐུགས་ཐིག་མཐའ་རྟེན་དུ༔  དྲི་མ་མེད་པའི་གསུང་འཁྲུལ་མེད༔   པདྨ་ཐོད་ཕྲེང་བདག་གིས་ཕབ༔  བདེ་སྟེར་ཌཱཀྐཱིའི་ཁྱད་ནོར་མཛོད༔    ཡི་གེ་རིགས་ཀྱི་བུ་ཡིས་བྲིས༔

ཡང་གསང་ཐིག་ལེ་སྐོར་གསུམ་གྱི༔    བསྟན་པ་ཉི་འོད་ཀུན་ཁྱབ་ནས༔  རྩ་གསུམ་ཌཱཀིའི་བྱིན་ནུས་ལྡན༔    སྲུང་མའི་ཕྲིན་ལས་ཐོགས་མེད་ཤོག༔

ས་མ་ཡཱ༔ གུ་ཧྱ༔ མངྒ་ལཾ། ཤུ་བྷཾ༔

རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔

 

༈ ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །

ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཅིང་། །

བློ་གྲོས་སྣང་བ་རབ་ཏུ་རྒྱས་བྱས་ནས། །

སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །

 

ཤླཽ་ཀ་འདི་ཀུན་མཁྱེན་ཀློང་ཆེན་པའི་རྡོ་རྗེའི་གསུང་ངོ་། །

 

༈ ངོ་བོ་འགྱུར་མེད་རང་བྱུང་རྡོ་རྗེའི་སྐུ། །

རང་གདངས་འགག་མེད་བྱང་ཆུབ་རྡོ་རྗེའི་གསུང་། །

སྤྲོས་བྲལ་དབུ་མ་འཇའ་ལུས་རྡོ་རྗེའི་ཐུགས། །

རྡོ་རྗེ་གསུམ་གྱི་བསྟན་པ་དར་རྒྱས་ཤོག །

 

རྒྱལ་དབང་ཉི་མས་བྲིས་སོ།། སརྦ་མངྒ་ལཾ།།

 

མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ།

མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept