The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Longchen Nyingtik Lineage Extras—Tibetan

English | བོད་ཡིག

༄༅། །༧སྐྱབས་རྗེ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལྟར་བརྒྱུད་འདེབས་ཁ་སྐོང་།

 

ཁ་སྐོང་མཚན་བརྗོད་པར་དཀའ་བ་༧སྐྱབས་རྗེ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་ལྟར་བརྒྱུད་པ་ནི།

ཆོས་ཀྱི་བདག་པོ་བྱང་ཆུབ་རྡོ་རྗེའི་ཞབས། །

གྲུབ་བརྙེས་འཇིགས་མེད་རྒྱལ་བའི་མྱུ་གུ་དང་། །

སྤྲུལ་པའི་སྐུ་མཆོག་མི་འགྱུར་ནམ་མཁའི་མཚན། །

རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ལ། །

གསོལ་བ་འདེབས་སོ་གནས་ལུགས་རང་ཞལ་སྟོན། །

 

ཧེ་རུ་ཀཿདཔལ་ཡེ་ཤེས་རྡོ་རྗེ་དང་། །

ཨོ་རྒྱན་འཇིགས་བྲལ་ཆོས་ཀྱི་དབང་པོའི་ཞབས། །

གྲུབ་པའི་དབང་ཕྱུག་པདྨ་བཛྲ་དཔལ། །

མཚོ་སྐྱེས་བླ་མ་མཁྱེན་བརྩེའི་དབང་པོ་ལ། །

གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །

 

པདྨ་བློ་གསལ་སྣ་ཚོགས་རང་སར་གྲོལ། །

ཀུན་མཁྱེན་འཇིགས་མེད་བསྟན་པའི་ཉི་མ་དང་། །

པདྨ་བི་ཛ་ཆོས་ཀྱི་བློ་གྲོས་ལ། །

གསོལ་བ་འདེབས་སོ་དགོངས་བརྒྱུད་ཡེ་ཤེས་སྩོལ། །

 

ཕྱོགས་བཅུའི་དུས་བཞི་རྒྱལ་བ་སྲས་བཅས་ཀྱི། །

མཁྱེན་བརྩེའི་ནུས་པ་གཅིག་ཏུ་འདུས་པའི་དངོས། །

དྲན་པའི་གདུང་སེལ་རྩ་བའི་བླ་མ་ལ། །

གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །

 

ཅེས་ཤོ་ལོ་ཀ་བཞི་མངྒ་ལའི་གསུང་བྱིན་རླབས་ཅན་ནོ།། །།ཤོ་ལོ་ཀ་དང་པོ་གཉིས་པ་མཐའ་མ་བཅས་སྐྱབས་རྗེའི་ཕྱག་བྲིས་ངོ་མ་དང་། ཤོ་ལོ་ཀ་གསུམ་པའི་མ་དཔེ་བཀའ་འགྱུར་རིན་པོ་ཆེའི་སྲས་མོ་ཆོས་སྐྱིད་ལགས་ཀྱི་ཕྱག་དཔེ་ནས་འདྲ་བཤུས་པའོ། །ཟུར་མཆན་འདི་དཀོན་མཆོག་ལྷ་བྲིས་པའི་ཕྱག་དཔེར་བྲིས་འདུག

 

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

Detail from thangka depicting the Longchen Nyingtik lineage

This website uses cookies to collect anonymous usage statistics and enhance the user experience.
Decline
Accept