The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Elaborate Rigdzin Düpa Empowerment—Tibetan

English | བོད་ཡིག

༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ལེའི་རྩ་གསུམ་སྤྱི་དང་བྱེ་བྲག་གི་དབང་བསྐུར་གྱི་ཕྲེང་བ་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་བདུད་རྩིའི་སྒོ་འབྱེད་སྐལ་བཟང་ཀུན་དགའི་རོལ་སྟོན། །

 

རིགས་ཀུན་ཁྱབ་བདག་ཀུན་བཟང་འོད་མཐའ་ཡས། །
སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གཅིག་བསྡུས་པ། །
རིག་འཛིན་བླ་མའི་ཕྱག་རྒྱར་བཞེངས་པ་དེ། །
རབ་དྭངས་ཡིད་ཀྱི་ཆུ་མཚོར་རྟག་པར་མཆོད། །

དེ་ལ་འདིར་དབང་གི་སྤྱི་དོན་ལས། འདི་ལྟར་ཞི་ཁྲོ་དང་དཔལ་ཆེན་ཅི་རིགས་པའི་དཀྱིལ་འཁོར་གཅིག་ཏུ་འཇུག་པའི་ཆོ་ག་རྫོགས་པ་དག་ལ། རིག་འཛིན་དང༌། ཐུགས་རྗེ་ཆེན་པོ་ལ་སོགས་པའི་སྒོས་དབང་ནི། སོ་སོའི་ལས་གཞུང་གི་བདག་མདུན་བུམ་གསུམ་སྒྲུབ་ཅིང༌། རྩ་དབང་རྒྱལ་ཐབས་སྤྱི་བླུགས་ལྟར་ནང་ནུས་པ་འཇུག་པའི་དབང་གི་ཆོག་པ་ཡིན་ནོ། །

ཞེས་རྒྱུད་དང་སྒྲུབ་སྡེའི་རིང་ལུགས་ལ་གདམས་ཕྲན་གྱི་ས་ཆོད་ཆུང་བས་ཁོག་ཆེ་ཤོས་ཞི་ཁྲོ་དང་བཀའ་བརྒྱད་གང་རུང་གིས་འཛིན་དགོས་པར་དགོངས་ནས་དེ་ལྟར་གསུངས་ཀྱང་ཀུན་མཁྱེན་ཉིད་རིག་འཛིན་བླ་མའི་སྒྲུབ་སྐོར་གྱི་བཀའ་བབ་ཡིན་པས་རྩ་གསུམ་ཐམས་ཅད་བླ་མའི་ཕྱི་ནང་གསང་བའི་སྒྲུབ་ཚུལ་དུ་གཙོ་བོར་གསུངས་ཕྱིར་སྙིང་ཐིག་གི་ཆོས་སྡེ་ཆེན་པོ་འདིའི་འཕྲོ་གཞི་ལྟ་བུ་བླ་མ་རིག་འཛིན་འདུས་པ་ཉིད་ཡིན་པའི་དབང་གིས་ཕྱི་ནང་གི་འཇུག་པ་གཉིས་དང༌། སློབ་མའི་དབང་ལྔ་སོགས་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ལྟར་མན་ངག་གི་དགོངས་པས་ཁ་བཀང་སྟེ་བསྐུར་བས་ལམ་ཀུན་གྱི་ཐོག་མའི་སྨིན་བྱེད་དུ་རུང་བར་མཁྱེན་ནས་རྩ་བའི་ཆོས་བདག་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་མཛད་པ་ཁམས་ཕྱོགས་སུ་དར་སྲོལ་ཤིན་ཏུ་ཆེ་རུང་དེའི་དཔེ་དངོས་མ་རྙེད་པས་དགོངས་དོན་མ་ཉམས་པར་འཆད་ན་དབང་དང་ཕྱག་བཞེས་ཀྱི་རྒྱུན་མི་འཆད་པར་ལེགས་པར་མཐོང་ནས་དོན་གྱི་དགོངས་པ་ནོར་འཁྲུལ་མེད་པར་འཆད་པ་ལ་སྦྱོར་དངོས་རྗེས་གསུམ་ལས།

དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི།

འདི་ལ་སྔོན་འགྲོ་སྟ་གོན་མཛད་སྲོལ་མི་འདུག་པས་དངོས་གཞིའི་དབང་བསྐུར་གྱི་རིམ་པ་སྟེ། གང་དུ་བྱ་བའི་གནས་སུ་གཞུང་མཐུན་རས་བྲིས་ཀྱི་དཀྱིལ་འཁོར་དང༌། མ་འབྱོར་ན་མཎྜལ་ལ་ཚོམ་བུ་གཙོ་འཁོར་དགུ་བཀོད་པས་ཀྱང་རུང་ཞིང༌། དལ་དབུས་མཉྫི་ལ་རིན་པོ་ཆེའི་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། གཡས་སུ་འདི་ཉིད་ཀྱི་གཞུང་པོད་གླེགས་བམ། མ་འཛོམས་ན་སྒྲུབ་ཐབས་སོགས་ཆོས་ཚན་དར་གྱིས་དྲིལ་བ། གཡོན་དུ་གསང་དབང་རྟེན་ཐོད་པ་བདུད་རྩིས་བཀང་བའི་ཁར་མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན་གྱི་སྟེང་དུ་ཤེལ་རྡོ། ཤར་དུ་རྡོར་དྲིལ་བསྣོལ་མ། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། དཀྱིལ་འཁོར་པའི་ལྷ་ཙཀ་ཡོངས་རྫོགས། རིག་ཙཀ །མཐའ་རྟེན་ཚེ་དབང་བྱེད་ན་ཚེ་བུམ། ཚེ་རིལ། ཚེ་ཆང༌། མདའ་དར་བཅས་གང་བདེར་བཤམས། །མིག་དར། མེ་ཏོག །རིག་འདུས་རྩ་གཏོར་དར་གདུགས་སྐུ་ཙཀ་གིས་བརྒྱན་པ། སྨན་རཀ །གཏོར་འབུལ། ཚོགས་མཆོད་སོགས་འོག་ཏུ་དགོས་པ་རྣམས་ཚང་བར་འདུ་བྱ།

གཉིས་པ་ལ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། སྤྱི་དང་བྱེ་བྲག་གི་བརྒྱུད་འདེབས་ནས་བརྩམས་ལས་བྱང་མཐར་ཆགས་སུ་བཏང་ལ་བདག་མདུན་དབྱེར་མེད་དུ་བསྒོམ། རྟོགས་པ་དམན་ན་ཛབ་ཁང་དབྱེ། བཟླས་པའི་སྐབས་གབ་བྱང་ལྟར་ཏིང་ངེ་འཛིན་གསལ་བཏབ་ལ་བསྙེན་སྒྲུབ་ཀྱི་བཟླས་པ་བྱ།

བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་རིག་འཛིན་འདུས་པའི་དཀྱིལ་འཁོར་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར།

རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །

འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །

དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །

བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །

ཞེས་གསལ་བཏབ་ནས་གཟུངས་ཐག་བླང༌། བསྙེན་སྒྲུབ་ཀྱི་བཟླས་པ་བརྒྱ་རྩ་ལས་མི་ཉུང་བར་བྱ།

ལས་བུམ་ནང་དུ་པད་ཉིའི་སྟེང༌། །

པདྨ་དབང་ཆེན་སྐུ་མདོག་དམར། །

པདྨའི་དབྱུག་ཐོ་ཞགས་པ་འཛིན། །

དོར་སྟབས་ཡེ་ཤེས་མེ་ཀློང་འགྱིང༌། །

སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན།

བབས་པས་བུམ་པ་གང་བར་གྱུར། །

ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ།

ཞེས་བརྒྱ་རྩ་ཙམ་བཟླ། མཐར་མཆོད་བསྟོད་བྱ། ཡིག་བརྒྱ་བརྗོད།

ཨོཾ་ཨཱཿཧཱུྃ་གིས་དུང་ཆུ་ཕུལ། 

རྣམ་རྒྱལ་བུམ་པའི་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས།

བཀའ་སྲུང་གཏོར་འབུལ་བྱ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དེ།

དབང་དངོས་ལ། དང་པོ་ཕྱི་འཇུག་གི་ཐོག་མ་སློབ་མ་གཞུག་པ་ནི། ཁྲུས་དང་བགེགས་གཏོར་བསྔོ་བ་སྲུང་འཁོར་རྣམས་ལས་བྱང་ལྟར་བྱ། སེམས་བསྐྱེད་གསལ་བཏབ་ལ།

ལོ་རྒྱུས་ཀྱི་ཁྱད་པར།

དེ་ཡང་མཚོན་བྱ་དོན་གྱི་མན་ངག་རང་བྱུང་གི་གསང་བ་ཆེན་པོ་ལ་མཚོན་བྱེད་བརྡ་དང་ཚིག་ཏུ་ཤར་བའི་རྒྱུད་ལུང་མན་ངག་ཐམས་ཅད་རྒྱལ་བ་རྣམས་ཀྱིས་ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦས་པ་དང༌། མཁའ་འགྲོ་མས་དགོངས་པའི་རྩལ་གྱིས་ནམ་མཁའི་གཏེར་དུ་སྦས་པ་དང༌།

རིག་འཛིན་རྣམས་ཀྱིས་འབྱུང་བས་མི་ཤིགས་པའི་སྒྲོམ་བུ་ལ་བརྟེན་ནས་སའི་གཏེར་དུ་སྦས་ཤིང༌།

གདུལ་བྱ་འདུལ་བའི་དུས་སུ་སོན་པ་ན་ལས་ཅན་རྣམས་ཀྱིས་རྡོ་རྗེའི་རྒྱ་བཀྲོལ་ནས་མངོན་དུ་སྣང་བར་མཛད་པ་ལས།

འདི་ནི་བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་ལས།

ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུ༔

ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེན༔

འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པར་འབྱུང༔

ཞེས་དང༌། ཨོ་རྒྱན་ཆོས་རྗེ་གླིང་པའི་ལུང་བྱང་ལས།

དབུས་གཡོར་གཞུང་དུ་བྱང་སེམས་པདྨའི་མིང༔

བཀའ་རྙིང་བསྟན་སྐྱོང་ཐབས་མཁས་འགྲོ་བ་འདུལ༔

ཞེས་སྙིང་ཐིག་གི་རྫོགས་རིམ་དང༌། རིག་འཛིན་གྱི་བསྐྱེད་རིམ་ལ་བརྟེན་ནས་རིམ་པ་བཞིའི་རྣལ་འབྱོར་ལ་སྦྱོར་བའི་ལམ་སྟོན་དུ་གཏེར་ཁ་གསར་རྙིང་མང་པོ་ནས་རྡོ་རྗེའི་ལུང་གིས་བསྔགས་ཤིང༌།

སྐུ་ཚེ་རིལ་པོར་དབེན་པར་སྒྲུབ་པའི་རྒྱལ་མཚན་བཙུགས་པས་འཕགས་ལམ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་གཟིགས་པའི་གྲུབ་པ་ཆེན་པོའི་སར་བཞུགས་པ་ལ་རྩོད་པ་མེད་པའི་ཚུལ་རྟོགས་བརྗོད་ཆུ་ཟླའི་གར་མཁན་ལས།

མནལ་ལམ་དུ་ལྷོ་མོན་ཁའི་བྲག་གི་གུ་རུའི་ཞབས་རྗེས་ལས་དབང་བཞི་བླངས་པའི་རྐྱེན་གྱིས་ནང་དབྱིངས་ཁྱད་ཆོས་དྲུག་ལྡན་གྱི་གྲོལ་ས་མཐོང་བ་དང༌།

རྔ་ཡབ་གླིང་དུ་གུ་རུ་བདེ་བ་ཆེན་པོ་དང་ཐུགས་ཡིད་འདྲེས་ནས་འོད་གསལ་གཞོན་ནུ་བུམ་སྐུའི་ཞིང་ཁམས་གཟིགས་པ་སོགས་ལ་བརྟེན་ནས་རྩ་ཁམས་ཀྱི་ཡི་གེ་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བས་དམ་པའི་ཆོས་སྒོ་འཛད་མེད་ཀྱི་རོལ་མོ་འཁྲོལ་བར་གསུངས་པས།

འོད་གསལ་བསམ་གྱིས་མི་ཁྱབ་པའི་དགོངས་པ་ལ་དབང་ཐོབ་པས་དོན་བརྒྱུད་རྫོགས་པར་བརྙེས་པ་དང་ཆབས་ཅིག་དེའི་རང་རྩལ་མཁའ་འགྲོའི་བརྡ་ཡིག་གསང་མཛོད་རང་ཤར་དུ་རྙེད་པས་དཔེ་དང་སྙན་བརྒྱུད་ཞར་བྱུང་དུ་རྫོགས་པས་ཐུན་མོང་མ་ཡིན་པའི་དགོངས་ཀློང་གི་གཏེར་རྒྱ་ནམ་མཁའ་མཛོད་ཀྱི་བརྡ་གྲོལ་བ་སྟེ་རང་གཏེར་གནད་བྱང་ཐུགས་ཀྱི་སྒྲོམ་བུ་ལས།

དེ་དུས་ད་ལྟའི་རྗེ་འབངས་གྲོགས༔

བི་མ་རྒྱལ་སྲས་ལྷ་རྗེ་རྣམས༔

སྨོན་ལམ་ཐུགས་རྗེས་སྤྲུལ་པའི་སྲས༔

རང་བྱུང་རྡོ་རྗེ་པདྨ་དབང༔

གསང་མཚན་གར་དབང་འཇིགས་མེད་གླིང༔

རྟོགས་གྲོལ་དུས་མཉམ་ཐུགས་གཏེར་བདག༔

 

འཕགས་པས་རྗེས་སུ་བཟུང་བའི་རྟགས༔

ལག་གཡས་མཐིལ་ན་པདྨའི་སྤྱན༔

དབང་ཆེན་གསུང་གི་རིག་འཛིན་ཆེར༔

མཐེ་བོང་ཐུགས་སྲོག་ཧྱ་ཡིས་མཚན༔

 

རྟོགས་པ་ཀློང་དུ་གྱུར་པའི་རྟགས༔

ཚེམས་ལ་སྐྱེ་མེད་ཡི་གེ་ཨཿ

སྙིང་རྗེ་ཆེ་ཞིང་རིག་པ་ཧུར༔

ཤེས་རབ་ཆེ་ཞིང་འཛིན་ཆགས་ཆུང༔

ཐུགས་སྒམ་ཚིག་བཙུན་བློ་གྲོས་ཟབ༔

ངེས་མེད་སྤྱོད་པ་ཅིར་ཡང་སྟོན༔

འཇིགས་པ་མེད་པའི་བརྟུལ་ཞུགས་ཅན༔

ཞུམ་མེད་སྣང་བ་ཟིལ་གྱིས་གནོན༔

དེ་ལ་ཐུགས་རྒྱུད་དངོས་གཏེར་རམ༔

ཡང་ན་དགོངས་གཏེར་ཚུལ་དུ་འབེབས༔

དངོས་ཉམས་རྨི་ལམ་མ་ངེས་པར༔

ང་དང་ཞལ་མཇལ་དོན་དབང་བསྐུར༔

ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ༔

པད་འབྱུང་ང་དང་རིག་འཛིན་ཉིད༔

དགོངས་པ་གཅིག་དང་དབྱངས་གཅིག་འགྱུར༔

ཐེག་ཀུན་དགོངས་པའི་ཀློང་ནས་ཤར༔

 

རིག་འཛིན་དཔའ་བོ་མཁའ་འགྲོ་ཡིས༔

བསྐུལ་མ་ཐེང་གསུམ་དག་ཏུ་འོང༔

དེ་ཚེ་མི་བརྗེད་དྲན་པའི་གཟུངས༔

གཟེར་དྲུག་གནད་ཀྱི་ལྡེའུ་མིག་གིས༔

ཀློང་གསལ་དགོངས་པའི་གཏེར་ཁ་འབྱེད༔

ཅེས་རྡོ་རྗེའི་གསུང་གིས་ཇི་ལྟར་བསྔགས་པ་བཞིན་འོད་གསལ་དག་པའི་སྣང་ཆར་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་གམ་དུ།

ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་ཡེ་ཤེས་ཀྱི་བརྡ་རིས་མངོན་སུམ་དུ་སྤྲད་པ་ལས་འོད་གསལ་རྡོ་རྗེ་སྙིང་པོ་ཀློང་ཆེན་སྙིང་གི་ཐིག་ལེ། ཟབ་དོན་མན་ངག་གི་བཅུད་མཛོད་འཛད་མེད་ནམ་མཁའ་མཛོད་ཀྱི་ཐུགས་གཏེར་ཆེན་པོ་གཏན་ལ་ཕབ།

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་སྟེ་གསང་བ་གསུམ་གྱི་བྱིན་རླབས་རྫོགས་པར་ཐོབ་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་ཀློང་དུ་མངོན་པར་བྱང་ཆུབ་པའི་རིག་འཛིན་ཆེན་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རམ།

པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེ་ཞེས་འབྲེལ་ཚད་དོན་ལྡན་གྱི་བདག་ཉིད་ཆེན་པོ་གང་ལ་རིག་འཛིན་གྱིས་བསྐུལ་མ་ཀུན་མཁྱེན་ཆོས་རྗེའི་ཞལ་གཟིགས་བར་པ་ལ་གསུང་གིས་བྱིན་གྱིས་བརླབས་ཏེ་བརྡ་གྲོལ་མཛད་པ་དང༌།

དཔའ་བོས་བསྐུལ་མ་དང་མཁའ་འགྲོས་བསྐུལ་མ་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ནས་སྨན་བཙུན་མཆེད་ལྔས་རང་གཟུགས་མངོན་སུམ་དུ་བསྟན་ཏེ་ཆོས་སྒོ་འབྱེད་བར་བསྐུལ་བས་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་སློབ་དཔོན་ཆེན་པོས་དགྱེས་ཞལ་བསྟན་ཏེ་བར་ཆད་བསལ་བ་དང༌།

སྔགས་ཀྱི་སྲུང་མས་སྙོམས་འཇུག་གི་བདེ་ཆེན་བསྟབས་ནས་སྐུ་ཚེ་དང་ཕྲིན་ལས་ཀྱི་རྟེན་འབྲེལ་གསོས་བཏབ་པ་ལ་བརྟེན་ནས།

ཆོས་བདག་ལས་ཅན་གྱི་སྐྱེས་བུ་ནི།

ཁྱད་པར་ད་ལྟའི་སྨོན་ལམ་མཐུས༔

ནམ་སྙིང་ཉང་བན་མཆོག་དབྱངས་དང༔

ལྷ་སྲས་སྤྲུལ་པས་ཆོས་སྒོ་འབྱེད༔

ཅེས་གསུངས་པས་ནམ་སྙིང་པྲ་ཏིའི་སྔགས་འཆང༌།

ཉང་བན་འཇིགས་མེད་ཀུན་གྲོལ།

མཆོག་དབྱངས་ཐེག་ཆེན་གླིང་པ།

ལྷ་སྲས་མུ་རུབ་བཙད་པོ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་རྣམས་ལ་རིམ་གྱིས་ཆོས་གཏེར་ཆེན་པོ་འདི་ཉིད་འཆད་སྤེལ་གྱིས་སྒོ་ཕྱེ་ཏེ་རྒྱ་ཆེ་ལ་བྱིན་རླབས་ཆགས་པའི་ཕྲིན་ལས་ཀྱི་སྣང་བས་བོད་ཁམས་མཐའ་དབུས་རྒྱ་དཀར་ནག་སོགས་འཛམ་གླིང་གི་ཐ་གྲུར་བརྡལ་པས་སྔོན་ཆད་མ་གྲོལ་བའི་ལུས་ཅན་གྲངས་ལས་འདས་པ་གདོད་མའི་གྲོལ་གཞིར་དབུགས་དབྱུང་བའི་ཟབ་ཆོས་འདི་ཉིད་ལ་བྱིན་རླབས་ཀྱི་རྩ་བ་དཔལ་འདུས་རྩ་གཞུང་ལས།

ཕྱི་ལྟར་བྱང་སེམས་ནང་རིག་འཛིན༔

གསང་བ་ལྟར་དུ་སྒྲུབ་སྡེ་བརྒྱད༔

ཅེས་གསུངས་པའི་ནང་སྒྲུབ་རིག་འཛིན་འདུས་པ་བླ་མ་ཞི་བའི་ཐུགས་ཏིག་སྟེ།

དེ་ནི་རྩ་བ་གསུམ་ལས་འཁོར་ལོའི་དབང་ཕྱུག་རིག་འཛིན་བླ་མའི་གསང་གསུམ་རྡོ་རྗེའི་དབྱིངས་སུ་སྣང་གྲགས་རིག་པའི་ཆོས་ཉིད་དག་པ་ཆེན་པོར་ལམ་དུ་ཁྱེར་བའི་རིག་འཛིན་ཡབ་ཀའི་སྒྲུབ་སྡེ་འདི་ལའང་བསྐྱེད་རྫོགས་ལས་སྦྱོར་དང་བཅས་པ་ཟབ་རྒྱས་སུ་བཞུགས་པ་ལ།

ཕྱི་སྒྲུབ་བླ་མའི་རྣལ་འབྱོར། ནང་སྒྲུབ་རིག་འཛིན་ཞི་དྲག་གསུམ། །གསང་སྒྲུབ་ཐུགས་རྗེ་ཆེན་པོ། ཡང་གསང་ཀུན་མཁྱེན་བླ་མའི་སྒྲུབ་པ།

ཞི་ཁྲོ་ངན་སོང་སྦྱོང་བ་བཅས་བཞུགས་པ་ལས།

སྐབས་སུ་བབ་པ་བྱིན་རླབས་ཀྱི་རྩ་བ་བླ་མ་ཞི་བར་སྒྲུབ་པ་རིག་འཛིན་འདུས་པ་སྟེ།

དེ་ནི་རྩ་རྒྱུད་ཐོད་པའི་དུམ་བུ་ལས།

ཡེ་ཤེས་ལྟར་དུ་ཀློང་དགུའི་རྩལ༔

ཡི་དམ་ལྟར་དུ་སྒྲུབ་སྡེ་བརྒྱད༔

བྱང་སེམས་ལྟར་དུ་ཉེ་བའི་སྲས༔

རིག་འཛིན་ལྟར་དུ་འདི་ལྟར་ཏེ༔

ཨོ་རྒྱན་རང་བྱུང་མཁའ་འགྲོའི་གླིང༔

རོ་གླིང་བསིལ་བའི་ཚལ་ཆེན་དུ༔

གདན་འཛོམས་གདུལ་བྱ་དུས་བབ་ཚེ༔

འོག་མིན་གནས་སུ་ཧེ་རུ་ཀས༔

ལེགས་གསུངས་བདེ་གཤེགས་ཡོངས་རྫོགས་རྒྱུད༔

མཆོད་རྟེན་བདེ་བྱེད་བརྩེགས་པ་རུ༔

བསྩལ་པ་ལས་ཀྱི་དབང་མོ་ཆེས༔

ཕྱུང་སྟེ་རིག་འཛིན་བརྒྱད་ལ་གཏད༔

ཅེས་དང༌།

ཀུན་ཀྱང་རང་རྒྱུད་མ་ཡིན་ཏེ༔

ལྷ་དང་བཀའ་བབ་ལྟར་བསྟན་ཡང༔

བསྒྲུབ་བྱ་སྒྲུབ་བྱེད་རོ་གཅིག་སྟེ༔

གདུལ་བྱའི་ངོ་རུ་སྣང་བ་ཙམ༔

དེ་བཞིན་ཡོངས་རྫོགས་རིན་ཆེན་སྒྲོམ༔

དྷ་ན་ཀོ་ཤའི་མཚོ་གླིང་དུ༔

རྫུས་ཏེ་བྱོན་པའི་རིག་འཛིན་ལ༔

ལས་ཀྱི་དབང་མོ་ཆེ་ཡིས་གཏད༔

 

འདི་ནི་རིག་འཛིན་རྡོ་རྗེ་ཆོས༔

སྟོན་པ་རང་ཉིད་སྡུད་བྱེད་ཀྱི༔

ཚུལ་བཟུང་ཟབ་མོའི་གསང་བ་འཛིན༔

གཙོ་དང་འཁོར་གྱི་ཚོམ་བུའི་ཚུལ༔

ལྟར་དུ་བསྟན་པའི་མན་ངག་བཅུད༔

གསང་སྔགས་ཀུན་གྱི་འབྲས་བུ་སྟེ༔

མངའ་བདག་རྒྱལ་པོའི་ཆོས་སྐལ་ཡིན༔

ཞེས་གསུངས་པ་ལྟར་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་བྱེ་བྲག་ནི།

སྤྱི་དཔལ་རྣམ་དགུ་རྡོ་རྗེ་སློབ་དཔོན་གྱི་གཟུགས་ཅན་དུ་བྱོན་པ་ལས་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་འདི་ནི་ཆོས་སྐུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་ཐོག་མའི་མགོན་པོ་འོད་མི་འགྱུར་བ།

ལོངས་སྐུ་ཚངས་པ་རྔ་སྒྲ་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ངེས་པ་ལྔ་ལྡན་གྱི་ཁྱབ་བདག་པདྨ་ཀུན་ཏུ་འཆང༌།

འགྲོ་འདུལ་སྤྲུལ་པའི་ཆོ་འཕྲུལ་ཕྱོགས་བཅུའི་ཞིང་ཀུན་ན་ཚད་མེད་པའི་ཚུལ།

མི་མཇེད་ཀྱི་ཞིང་གཅིག་ཁོ་ན་ལའང་བླ་མ་སྐུ་གསུམ། ཐོད་ཕྲེང་སྡེ་ལྔ། སྤྲུལ་སྐུ་མཚན་བརྒྱད། འཕྲུལ་མཚན་བཞི་བཅུ། མདོ་སྔགས་ཀྱི་སྟོན་པ་བརྒྱ་རྩ་སོགས་སྤྱི་དང་བྱེ་བྲག་གཙོ་དང་འཁོར་སྣ་ཚོགས་སུ་ཤར་བའི་ཆོ་འཕྲུལ་བཀོད་པ་བསམ་ལས་འདས་པའི་གཙོ་བོ་གདུལ་དཀའི་འགྲོ་བ་སྤྱི་དང་གངས་ཅན་གྱི་བླ་མའི་སྐལ་པ་གུ་རུ་རིན་པོ་ཆེ།

རིགས་བདག་ཐེག་མཆོག་རྫོགས་པ་ཆེན་པོའི་སྟོན་པ་རྣམ་གཉིས་དང༌། རྡོ་རྗེའི་རིག་འཛིན་དགུ་སོགས་ཟུང་འཇུག་གི་ལམ་ནས་རྡོ་རྗེ་འཆང་གི་གྲལ་བརྙེས་སོ་ཅོག་གི་འཕགས་བོད་རིག་འཛིན་རྩལ་འཆང་ཐམས་ཅད་ཆིག་དྲིལ་གྱི་ཐུགས་སྒྲུབ་ཟབ་མོའི་མཐར་ཐུག་ཆོས་འདིའི་སྲོག་བཅུད་རྩ་སྒྲུབ་རིག་འཛིན་འདུས་པ་ཞེས་

བསམ་ཡས་བར་ཁང་གཡུ་ཞལ་ཅན་དུ་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གཙོས་རྗེ་འབངས་གྲོགས་གསུམ་གྱི་ཆོས་སྐལ་དུ་གདམས་པའི་གནད་ཀྱི་ཞུན་ཐིག །

སླར་ཡང་བོད་ཡུལ་ཕྱི་མའི་གདུལ་བྱའི་བགོ་སྐལ་དུ་སྣང་བར་མཛད་པ་སྟེ་འདི་ལའང་རྩ་དབང་རྒྱལ་ཐབས་སྤྱི་བླུགས་དང༌། དེ་ཉིད་མན་ངག་གིས་ཁ་བསྐང་སྟེ་ཆོས་ཀྱི་བདག་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཕྱག་བཞེས་ལྟར་རྒྱས་པར་སྤྲོས་པ་ཕྱི་ནང་གི་འཇུག་པ་དང་ཕན་ནུས་ཟབ་མོའི་དབང་དང་བཅས་པ་གཉིས་སུ་ཡོད་པ་ལས་ཕྱི་མ་ཉིད་སྒྲུབ་པ་ལ་མཎྜལ་ཕུལ།

སྔོན་ཆད་དཀྱིལ་འཁོར་འདིར་མ་ཞུགས་པས་དོན་གྱི་ཡེ་ཤེས་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད།

ཨོཾ་ཙཀྵ་བྷནྡྷཝ་ར་མ་ཎ་ཡ་ཧཱུྃ།

མིག་དར་འཆིང༌།

དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གི་ཆུན་པོ་ཁ་དོག་ལྔ་པ་ཕྱག་ཏུ་ཐོགས་མཛོད།

ཨ་ཁཾ་བི་ར་ཧཱུྃ་གིས་མེ་ཏོག་གཏད། 

བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་མི་ཕྱེད་གུས་པའི་ཡིད་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།

ཧོཿ བདག་ནི་སྐལ་ལྡན་རིགས་ཀྱི་བུ༔

ཐུགས་རྗེ་ཆེན་པོས་རྗེས་བཟུང་ལ༔

དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ༔

འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ ལན་གསུམ། 

དམ་ཚིག་སྲུང་བར་བཀའ་བསྒོ་ཞིང་སྣོད་ལྡན་དཀྱིལ་འཁོར་དུ་འཇུག་པར་གནང་བ་སྦྱིན་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ།

ཧོཿ གསང་བ་མཆོག་གི་དཀྱིལ་འཁོར་དུ༔

འཇུག་པར་དཀའ་ལ་ཁེ་ཉེན་ཆེ༔

དམ་ཚིག་ཉམས་ན་བརླག་འགྱུར་བས༔

དམ་སྲུང་དབང་བསྐུར་སྦྱིན་པར་བྱ༔

བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་ནམ་མཁའ་དང་མཉམ་པའི་འགྲོ་བ་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པའི་བློས་འདིའི་རྗེས་ཟློས།

ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔

མཆོག་གསུམ་ངོ་བོ་བླ་མ་དང་༔

རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་ལ༔

སྙིང་ནས་དད་པས་སྐྱབས་སུ་མཆི༔ སོགས་ལན་གསུམ།

ཕ་མར་གྱུར་པའི་སེམས་ཅན་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་མ་ལུས་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པའི་སྨོན་སེམས་དང༌།

དེའི་ཆེད་དུ་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་རྩེ་མོའི་མྱུར་ལམ་བགྲོད་པར་བགྱིའོ་སྙམ་པའི་འཇུག་པ་སེམས་བསྐྱེད་འདིའི་རྗེས་ཟློས།

ཧོཿ རིག་འཛིན་དཀྱིལ་འཁོར་འདིར་ཞུགས་ནས༔

ཕ་མ་འགྲོ་དྲུག་སེམས་ཅན་ཀུན༔

ཚད་མེད་སྙིང་རྗེས་སྒྲོལ་བའི་ཕྱིར༔

སྨོན་འཇུག་དོན་དམ་བྱང་སེམས་བསྐྱེད༔ སོགས་ལན་གསུམ། 

དེ་ནས་ཐུན་མོང་མ་ཡིན་པའི་ཡན་ལག་བདུན་པས་བསགས་སྦྱང་སྤེལ་གསུམ་བགྱི་བ་ལ།

སྐྱེ་བ་མེད་པའི་ངང་ལས་སྐྱེ་བའི་ཆོ་འཕྲུལ་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་འོད་གསལ་བསམ་བརྗོད་ལས་འདས་པའི་ཡེ་ཤེས་དབྱིངས་གདོད་ནས་རྣམ་དག་རང་བྱུང་སྐུ་གསུམ་ལྷའི་དཀྱིལ་འཁོར་དུ་བཞུགས་པ་ལས།

རྒྱང་ཞགས་ཆུ་ཡི་སྒྲོན་མས་མཚམས་སྦྱར་ཏེ་རྟེན་ཐིག་ལེ་སྟོང་པའི་སྒྲོན་མས་མཚོན་པའི་དག་པ་དབྱིངས་ཀྱི་སྒྲོན་མའི་ཀློང་དུ་བརྟེན་པ་རིག་གདངས་སྤྲུལ་པའི་རྡོ་རྗེ་ལུ་གུ་རྒྱུད་དབང་པོས་མངོན་སུམ་མཐོང་བས་ལྷ་དང་ལྟ་བ་མཇལ་བའི་ཕྱག་འཚལ་ཞིང༌།

དེ་ལས་འཇའ་ཚོན་ཟེར་ཐིག་ཉམས་སྣང་གོང་དུ་འཕེལ་པའི་མཆོད་སྤྲིན་རྒྱ་མཚོ་འབུལ་བ་དང༌།

སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་རང་ཤར་བའི་རིག་པ་ཚད་ཕེབས་ཆེན་པོའི་ངང་དུ་འཁོར་གསུམ་གཟུང་འཛིན་གྱི་སྡིག་ལྟུང་བཤགས་ཤིང༌།

ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་ཟད་པའི་དག་པ་གཉིས་ལྡན་གྱི་འབྲས་བུ་ཟག་མེད་ཡེ་ཤེས་ཀྱི་ཚོགས་ཆེན་ཡོངས་སུ་རྫོགས་པ་ལ་རྗེས་སུ་ཡི་རང་བ་དང༌།

ཕྱིར་གསལ་འཕོ་ཆེན་ཡེ་ཤེས་ཀྱི་སྐུའི་གསུང་རྡོ་རྗེ་རྒྱུན་གྱི་རྟག་པའི་ཀློང་དུ་རྫོགས་པ་ཆེན་པོའི་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་ཞིང་འཇའ་ལུས་རྡོ་རྗེའི་སྣང་བརྙན་ཆེན་པོ་ཇི་སྲིད་དུ་བཞུགས་པར་གསོལ་བ་འདེབས་པ་དང༌།

དེ་ལྟ་བུའི་ཟག་མེད་ཡེ་ཤེས་ཀྱི་དགེ་ཚོགས་སྒྲིབ་གཉིས་རྩད་ནས་དག་པ་གཞོན་ནུ་བུམ་པ་སྐུའི་ཀློང་དུ། ཆོས་ཀྱི་དབྱིངས་ལ་མི་བསྔོ་བར་ཤེས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་སྟེ་ཁྱད་པར་ཅན་གྱི་ལྟ་སྒོམ་གྱི་གནད་དྲན་པས་འདིའི་རྗེས་ཟློས།

ཧོཿ ཆུ་ལས་ཆུ་བུར་ཇི་བཞིན་དུ༔

ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷར༔

མངོན་སུམ་རིག་པས་ཕྱག་འཚལ་ལོ༔

ཉམས་སྣང་གོང་འཕེལ་མཆོད་པར་འབུལ༔

རིག་པ་ཚད་ཕེབས་ངང་དུ་བཤགས༔

ཆོས་ཉིད་ཟད་ལ་རྗེས་ཡི་རང་༔

འཕོ་ཆེན་ཀློང་ནས་ཆོས་འཁོར་བསྐོར༔

འཇའ་ལུས་ཆེན་པོར་བཞུགས་གསོལ་འདེབས༔

དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོ༔ སོགས་ལན་གསུམ།

དེ་ཡང་དབང་ཐོབ་པ་དཀྱིལ་འཁོར་གྱི་བྱ་བས་ཐོབ་ཀྱང་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ལ་རག་ལས་པས་ཚོགས་ཞིང་དཀྱིལ་འཁོར་གྱི་ལྷ་དབྱེར་མེད་པ་དཔང་པོའི་ཚུལ་དུ་བཞུགས་པའི་སྤྱན་སྔར་མཁའ་ཁྱབ་ཀྱི་ཡིད་ཅན་སྲིད་ཞིའི་མཐའ་ལ་མི་གནས་པའི་ཟུང་འཇུག་ཆེན་པོའི་གོ་འཕང་ལ་འགོད་པའི་ལྷག་པའི་ཀུན་སློང་བྱང་ཆུབ་སེམས་དང་མ་བྲལ་བས་དམ་ཚིག་དང་སྡོམ་པའི་བསླབ་པ་རྒྱ་མཚོ་མཐའ་ཡས་བཟུང་ནས་རྒྱལ་བ་སྲས་དང་བཅས་པའི་སྤྱོད་ཡུལ་ལ་བསླབ་པར་དམ་བཅའ་བ་འདིའི་རྗེས་ཟློས།

བླ་མ་རིག་འཛིན་སྐྱབས་ཀྱི་མཆོག་ཏུ་འཛིན། །

འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་ཅིང༌། །

སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱི། །

དམ་ཚིག་སྡོམ་པ་རྟག་ཏུ་སྲུང་བར་བགྱི། །ལན་གསུམ། 

དེ་ནས་ལྷ་དང་སྐལ་པ་མཉམ་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།

ཀྱཻ། རིགས་ལྔ་བདེ་བར་གཤེགས་པ་དང༌། །

བླ་མ་ཡི་དམ་མཁའ་འགྲོ་དགོངས། །

སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས། །

སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ།

ཞེས་གསོལ་བ་བཏབ་པས། སྒོ་བ་གིང་ཆེན་སྡེ་བཞིས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེ་པར་མོས་ཤིག །

ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ།

དབྱེ་རྒྱ་བཅས་བརྗོད། ཡོལ་བ་བསལ།

ཁྱེད་རྣམས་ཀྱིས་དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ནས་བརྩམས་རིམ་པར་གཡས་བསྐོར་དུ་ཕྱིན་ཏེ་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕྱག་བྱ་བའི་མོས་པས་ཐལ་མོ་གནས་གསུམ་དུ་སྦྱར་ལ་འདིའི་རྗེས་ཟློས།

ཨོཾ་ན་མ་ཏེ་ཧཱུྃ།

ཨོཾ་ན་མ་མེ་ཧཱུྃ།

ཨོཾ་ན་མོ་ན་མ་ཧཱུྃ། ལན་བཞི་བརྗོད།

ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་པདྨ་འདབ་བརྒྱད་ལ་འཁོད་པར་མོས་ལ་ནང་འཇུག་གི་ཐོག་མ་དབང་གི་གཞི་འགོད་པ་ཡེ་ཤེས་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད།

ཆོས་ཐམས་ཅད་རང་བཞིན་གྱིས་སྤྲོས་བྲལ་འོད་གསལ་སྟོང་པ་ཉིད་ཀྱི་རང་མདངས་ལྷུན་གྲུབ་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ།

ཁྱེད་རང་རྣམས་སྐད་ཅིག་གིས་རིག་འདུས་རྗེ་བཙུན་མ་ཧཱ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཆ་བྱད་ཅན་དཀར་ལ་དམར་བའི་མདངས་ཅན་ཕྱག་གཡས་སྡིགས་མཛུབ་དང་བཅས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་ནམ་མཁར་འཕྱར་བ།

གཡོན་མཉམ་གཞག་གི་ཕྱག་རྒྱས་བྷནྡྷ་དང་ཚེ་བུམ་བཅུད་ལྡན་བསྣམས་པ།

དབུ་ལ་པདྨའི་མཉེན་ཞུ་དང་སྐུ་ལ་ཕོད་ཀ་ཆོས་གོས་བེར་ཕྱམ་བརྩེགས་མར་གསོལ་བ།

མཆན་ཁུང་གཡོན་དུ་རང་འོད་ཡེ་ཤེས་མཁའ་འགྲོས་འཁྱུད་ཅིང་ཞབས་རྒྱལ་པོ་རོལ་སྟབས་ཀྱིས་འཇའ་འོད་ཟེར་ཐིག་གི་ཀློང་ན་འགྱིང་ཞིང་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ།

མགྲིན་པར་ཨཱཿདམར་པོ།

ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གསལ་ཐོབ།

བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་དང་ཁྱེད་རང་རྣམས་ཀྱི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་མུ་མེད་པ་འཕྲོས།

ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དང་ཁྱད་པར་བླ་མ་སྐུ་གསུམ་གྱི་ཞིང་ཁམས་ན་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ།

ཐམས་ཅད་ཀྱང་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་རྣམ་པར་ནམ་མཁའ་གང་བར་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་བརྟན་པོ་མཛོད།

སྦྱར་བའི་སྤོས་བསྲེགས། ཌཱ་དྲིལ་དང་དབྱངས་ཀྱིས་བསྐུལ་ལ་ལས་བྱང་ལྟར།

སྔོན་བསྐལ་མར་ཐོད་ཕྲེང་རྩལ་གྱི་ཛབ་མཐར།

ཧཱུྃ་ཧཱུྃ་ཧཱུྃ་ཨཱ་རལླི་ཕེཾ་ཕེཾ་བཏགས་པ་བརྗོད། 

ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་བརྟན་པར་གྱུར་ཅིག །

ཏིཥྛ་བཛྲ་ཧཱུྃ་

དང་རྡོ་རྗེས་རྒྱས་གདབ།

སྔར་བྱིན་པའི་མེ་ཏོག་དེ་ཉིད་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་དོར་བར་ཞུ།

ཀྱཻ། རིག་འཛིན་འདུས་པའི་དཀྱིལ་འཁོར་དུ། །

འབྲེལ་བའི་མེ་ཏོག་འདི་དོར་བས། །

ལས་འཕྲོ་གང་ཡོད་ལྷ་ལ་དབབ་པར་ཤོག །

ཨོཾ་པུཥྤེ་སིདྡྷི་ཧཱུྃ།

ཞེས་དོར་དུ་གཞུག །

མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་ལྷས་སླར་ཡང་དབང་རྟགས་ཅོད་པན་དུ་བྱིན་པར་མོས་ཤིག །

པྲ་ཏི་གྷྲྀ་ཧ་ན་ཨི་མཾ་སཏྭ་མ་ཧཱ་བཱ་ལ།

རིགས་དང་མཐུན་པའི་གསང་མཚན་གདགས། མེ་ཏོག་སྤྱི་བོར་བཅིངས།

དག་པ་ཡེ་ཤེས་ཀྱི་སྤྱན་གྱིས་ལྷ་དང་དཀྱིལ་འཁོར་མངོན་སུམ་དུ་མཇལ་བའི་རྟེན་འབྱུང་དུ་མིག་དབྱེ་བར་མོས་མཛོད།

མིག་ཐུར་ཐོགས་ལ།

སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས། །

ཁྱེད་ཀྱི་མ་རིག་འཁོར་བའི་མིག །

ཡེ་ཤེས་སྤྱན་དུ་དབྱེ་བ་ལྟར། །

དེ་བཞིན་ཁྱེད་ཀྱིས་འགྲོ་བ་རྣམས། །

ཡེ་ཤེས་སྤྱན་དུ་འབྱེད་པར་ཤོག །

ཙཀྵུ་པྲ་བེ་ཤ་ཡ་ཕཊ།

ཅེས་གདོང་གཡོགས་བསལ།

ཕྱག་ཤིང་གིས་མཐོང་བ་བསྟན་ཏེ།

ཀྱཻ། རིགས་ཀྱི་བུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་བརྡའི་དོན་རྟགས་ཀྱིས་མཚོན་པའི་མཚོན་བྱེད་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དངོས་སུ་བཤམས་པ་དང་གཉིས་སུ་མེད་པའི་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡེ་ཤེས་རྡོ་རྗེ་སྲུང་བའི་འཁོར་ལོའི་ནང་དུ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ་པདྨ་ཉི་མ་སྣ་ཚོགས་རྡོ་རྗེའི་རྭ་བཅུ་གཉིས་པའི་ལྟེ་བར་གནས་པ།

རིན་པོ་ཆེའི་རྩིག་པ་ལྔའི་སྟེང་དུ་ཕ་གུ་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དང་བཅས་པ།

ནང་ཀ་བ་བརྒྱད་ཀྱིས་བཏེགས་ཅིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུབ་ཕྱུར་བུའི་རྩེར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ།

ཚད་དང་མཚན་ཉིད་ཐམས་ཅད་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ།

དེའི་ནང་དུ་སྣ་ཚོགས་པདྨ་ཉི་མ་ཟླ་བའི་སྟེང་དུ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་རིགས་ཀུན་འདུས་པའི་སྤྱི་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་མཆོག་སྣང་སྲིད་ཟིལ་གནོན་མ་ཧཱ་གུ་རུ་ཞལ་གཅིག་ཕྱག་གཉིས་མཚན་དཔེའི་གཟི་བརྗིད་དཔལ་དུ་འབར་བ།

རྡོ་རྗེའི་གསང་གོས་དཀར་པོ།

ཆོས་གོས་དམར་པོ།

བེར་མདུང་སྔོན་པོ།

ཕོད་ཆེན་མཐིང་ག་རྣམས་བརྩེགས་མར་གསོལ་བ།

ཕྱག་གཡས་རྡོ་རྗེ་རྩེ་ལྔ་འཕྱར་སྟབས་སུ་སྡིགས་མཛུབ་ཀྱིས་བསྣམས་ཤིང༌།

གཡོན་མཉམ་བཞག་གིས་བྷནྡྷ་ཚེ་བུམ་བསྣམས་པ།

ཞབས་རྒྱལ་པོ་རོལ་སྟབས་ཀྱིས་ལྷ་ལྕམ་མནྡྷཱ་ར་བ་གཅེར་བུ་གཞོན་མཛེས་ཅན་དང་གཉིས་མེད་དུ་འཁྲིལ་བ།

རིགས་ལྔའི་དབང་རྟགས་རྫོགས་པས་དབུ་ལ་པདྨའི་མཉེན་ཞུ་ཅན།

དབུ་གཙུག་ཏུ་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་རིག་འཛིན་དགའ་རབ་རྡོ་རྗེ།

དེའི་དབུ་གཙུག་ཏུ་ཆོས་སྐུ་ཀུན་ཏུ་བཟང་པོ་བཅས་ཐེག་པ་མཆོག་གི་སྟོན་པ་རྣམ་གཉིས་ཐོ་བརྩེགས་སུ་བཞུགས་པ།

ཕྱོགས་མཚམས་ཀྱི་འདབ་མ་བརྒྱད་ལ་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་ངོ་བོ་བཀའ་བབ་རིག་འཛིན་ཆེན་པོ་བརྒྱད་བརྟུལ་ཞུགས་གྲུབ་པའི་ཧེ་རུ་ཀའི་ཆས་ཀྱིས་ཌཱ་དྲིལ་དང་བཅས་རྡོ་རྗེའི་གར་སྟབས་བསྒྱུར་བ།

སྟེང་ཕྱོགས་སུ་གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་དྲུག་གི་ཡི་དམ།

སྤྲུལ་པའི་རྗེ་འབངས་ཉི་ཤུ་རྩ་ལྔ་སོགས་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་དང༌།

གཞལ་ཡས་ཁང་གི་སྒོ་བཞིར་རིགས་ཀྱི་གིང་ཆེན་བཞི་དང༌།

དཀྱིལ་འཁོར་ཕྱིའི་ཁོར་ཡུག་ལ་དཔལ་མགོན་བདུན་ཅུ་རྩ་ལྔ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ་སོགས་པས་མཚོན་ཕྱོགས་དུས་སྐྱབས་ཡུལ་རབ་འབྱམས་མཐའ་དག་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་གཅིག་གི་ཡེ་ཤེས་ཀྱི་ཀློང་དུ་རྫོགས་པ་འདིས་མཚོན་བྱེད་དུ་བྱས་ཏེ་དབང་གིས་སྨིན་ཅིང་རིམ་པ་གཉིས་ཀྱི་ལམ་ལ་བརྩོན་པས་མཚོན་བྱ་དོན་གྱི་དཀྱིལ་འཁོར་རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་ཀྱི་རྩ་རླུང་ཐིག་ལེའི་རྣམ་པར་དག་པའི་རང་བཞིན་དུ་རང་ལ་བཞུགས་པར་ཤེས་པས།

ཡིན་ཚུལ་གཤིས་ཀྱི་དཀྱིལ་འཁོར་རང་རིག་གདོད་ནས་དག་པའི་བདག་ཉིད་དུ་ངོ་འཕྲོད་དེ་ཟུང་འཇུག་རྡོ་རྗེའི་གོ་འཕང་མྱུར་དུ་ཐོབ་པའི་ཕྱི་ནང་གཞན་གསུམ་གཉིས་མེད་དུ་ངོ་སྤྲད་པ་ཡིན་པས་དད་གུས་སྤྲོ་བ་རྒྱ་ཆེན་པོ་མཛོད་ཅིག །

དེ་དག་གིས་ལྷ་དང་སྐལ་པ་མཉམ་པའི་ཕྱིར་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་ནས།

ད་དངོས་གཞི་དབང་བསྐུར་ཞུ་བའི་ཕྱིར་མཎྜལ་ཕུལ།

གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །

ནམ་མཁའ་རྡོ་རྗེས་རྒྱལ་བ་ལྔར། །

དགོངས་ཤིང་ཇི་ལྟར་དབང་བསྐུར་ལྟར། །

མཆོད་པ་ཆེན་པོ་བརྡ་ཡི་དབང་། །

རིག་པ་འཛིན་པ་བདག་ལ་སྩོལ། །

སོགས་ནས་བརྩམས་ཐུན་མོང་རིགས་དབང་ལྔ་དང༌། ནང་ནུས་འཇུག་གི་དབང་དམ་ཚིག་གསུམ་སྦྱིན་པ།

བུམ་དབང་རྗེས་གནང་དང་བཅས་པ་དང༌།

བུམ་དབང་སྐབས་རྩ་སྔགས་མ་ཧཱ་གུ་རུ་སྦྱར་བའི་ཁྱད་པར་ལས་གཞན་ཞི་ཁྲོའི་སྐབས་ལྟར་མཐར་ཆགས་སུ་བཏང༌། དབང་གི་སྐབས་ཀུན་གཟིགས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་རྩ་སྔགས་མ་ཧཱ་གུ་རུ་སྦྱར་བར་མཛད་པ་རིག་འཛིན་སྣ་ཚོགས་རང་གྲོལ་ནས་དེ་ལྟར་མཛད་གསུངས་པས་སྒྲུབ་སྔགས་གཙོ་བོར་སྦྱར་ན་ལེགས་དགོངས་པ་དང༌། ཚེ་སྒྲུབ་ཀྱང་སྒྲུབ་སྔགས་ལ་སྦྱར་བའི་དགོངས་པ་ཡིན་ནམ་སྙམ། མཆན།

རྗེས་འབྲེལ་སྐུ་ཕྱག་རྒྱའི་དབང་ལ།

ཁྱད་པར་དུ་བུམ་དབང་དང་རྗེས་སུ་འབྲེལ་བར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ།

དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་རང་འདྲའི་སྐུ་གཉིས་པ་སྤྲོས་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ནས་དབང་བསྐུར་བས་རིག་འཛིན་བླ་མ་རྣམས་ཀྱི་བྱིན་རླབས་དང་གསང་བ་གསུམ་གྱི་ཡོན་ཏན་ཆིག་རྫོགས་སུ་རྒྱུད་ལ་འཕོས་པར་མོས་ཤིག །

ལྷ་དབང་པདྨ་རཱ་གའི་ཕྲེང་བ་ལྟར་ཡོངས་རྫོགས་སྦྱར་ཏེ་སོ་སོའི་ཙཀླིས་དབང་བསྐུར་མཐར།

དེང་ནས་བཟུང་སྟེ་རང་ལུས་སྣང་སྟོང་ལྷའི་སྐུ་བསྒོམ་པ་དང་མ་བྲལ་བས་སྣང་སྲིད་གཞིར་བཞེངས་རིག་འཛིན་བླ་མ་སྒྱུ་འཕྲུལ་དྲྭ་བའི་དག་ཆེན་ཡེ་ཤེས་ཀྱི་འཁོར་ལོར་ཤེས་པའི་བསྐྱེད་རིམ་དང་མ་བྲལ་བར་མཛོད་ཅིག །

དེ་རྣམས་ཀྱིས་བླ་མ་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ།

ལུས་ཀྱི་ལས་དང་རྩ་ཡི་སྒྲིབ་པ་དག །

སྐུ་རྡོ་རྗེའི་བྱིན་རླབས་ཞུགས།

བསྐྱེད་རིམ་གྱི་སྣོད་དུ་གྱུར།

རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས།

སྤྲུལ་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ།  །

གསུམ་པ་གསང་བ་ཟབ་མོའི་དབང་གསུམ་མཐའ་རྟེན་དང་ཡོངས་རྫོགས་གཏོར་མའི་དབང་བཅས་ལྔ་ལས།

དང་པོ་གསང་དབང་གི་སླད་དུ་སློབ་དཔོན་རིགས་འདུས་ཐོད་ཕྲེང་རྩལ་རང་འོད་ཡེ་ཤེས་ཀྱི་མཁའ་འགྲོ་དང་སྙོམས་པར་ཞུགས་པའི་དཀར་དམར་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་བཅུད་བྷནྡྷའི་བདུད་རྩི་དང་རོ་གཅིག་ཏུ་བྱས་པ་མགྲིན་པར་བཞག་ཅིང་མྱང་བར་མོས་ཤིག །

གསང་རྫས་བྱིན་ལ།

ཧཱུྃ༔ ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔

དཀར་དམར་བྷནྡྷའི་ནང་དུ་བསྐྱིལ༔

སྐལ་ལྡན་བུ་ལ་དབང་བསྐུར་བས༔

རྩ་ཁམས་ཡི་གེའི་རྣམ་པར་དག༔

ཚེ་ལ་དབང་བའི་རིག་འཛིན་ཐོབ༔

པདྨ་ཅན་གྱི་ས་ནོན་ཤོག༔

མ་ཧཱ་གུ་རུའི་མཐར། 

ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ

རྗེས་འབྲེལ་དུ་བཟླས་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་མཛོད།

སློབ་དཔོན་གྱི་ཐུགས་ཀ་ནས་རྩ་བའི་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང༌།

སློབ་མའི་མགྲིན་པ་ནས་ཞུགས་སྙིང་གར་འཁོར་བས་འགྱུ་བའི་རླུང་ཁམས་མཐའ་དག་གྲགས་སྟོང་སྔགས་ཀྱི་འཁོར་ལོར་རྫོགས་པར་མོས་ལ་འདིའི་རྗེས་ཟློས་མཛོད།

བསྙེན་སྒྲུབ་ཀྱི་སྔགས་ལན་གསུམ་རྗེས་ཟློས་བྱར་གཞུག །

དེ་ལྟར་བླ་མ་གསུང་རྡོ་རྗེ་ལོངས་སྐུའི་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ།

ངག་གི་ལས་དང་རླུང་གི་སྒྲིབ་པ་དག །

གསུང་རྡོ་རྗེའི་བྱིན་རླབས་ཞུགས།

བཟླས་བརྗོད་ཀྱི་སྣོད་དུ་གྱུར།

ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས།

ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ།  །

གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་གཟུགས་དང་ལང་ཚོ་མཛེས་པ་ཕུལ་དུ་ཕྱིན་ཞིང་རིགས་དང་སྐལ་པ་མཆོག་དང་ལྡན་པའི་ཤེས་རབ་མ་ལག་ཏུ་བྱིན་པར་མོས་ཤིག །

རིག་ཙཀ་གཏད་ལ།

ཧཱུྃ༔ ཆོས་རྣམས་ཀུན་གྱི་འབྱུང་གནས་ནི༔

བདེ་བ་ཆེན་པོ་གསང་བའི་ཡུམ༔

རིགས་ཀྱི་བུ་ལ་བྱིན་པ་ཡིས༔

དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར༔

ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔

འཁོར་ལོ་ཚོགས་ཆེན་ས་ནོན་ཤོག༔ སྔགས་མཐར། 

ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ།

དེ་ལྟར་བྱིན་པའི་རིག་མ་དེས།

པདྨ་བྷཉྫ་མོ་ཀྵ་ཧོ།

ཞེས་ཐར་པ་བསྟན་པར་བསྐུལ་ཏེ་པང་དུ་བྱོན་པ་དང་འདུ་ཤེས་གསུམ་ལྡན་གྱི་རྗེས་སུ་ཆགས་པའི་རོལ་མོས་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །

དེ་ལྟར་བླ་མ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ།

ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །

ཐུགས་རྡོ་རྗེས་བྱིན་རླབས་ཞུགས།

བདེ་སྟོང་ཙཎྜ་ལིའི་སྣོད་དུ་གྱུར།

ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབས།

ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ།  །

གསུམ་པ་བརྡ་ཚིག་གི་དབང་ལ།

གཞི་ཀ་དག་གི་ལྟ་བ་མཚོན་པའི་མེ་ལོང་དྭངས་གསལ། ལམ་ལྷུན་གྲུབ་ཀྱི་སྒོམ་པ་མཚོན་པའི་འཇའ་ཚོན་ལ་བརྟེན་ནས་དཔེ་དོན་འབྲེལ་བའི་འོད་གསལ་གྱི་རང་ངོ་ལ་མཉམ་པར་ཞོག་ཅིག །

ཤེལ་རྡོ་དང་མེ་ལོང་བསྟན་ལ།

ཧོ༔ ཀ་དག་མེ་ལོང་གཙང་མའི་ངོགས༔

ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལ༔

བརྡ་རྟགས་རྫོགས་པས་དབང་བསྐུར་བས༔

དྲི་མེད་རིག་པའི་གནས་ལུགས་རྟོགས༔

ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས༔

བདེ་བ་ཆེན་པོའི་ས་ནོན་ཤོག༔ སྔགས་མཐར། 

དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱཿ

ཁྱེད་རང་རྣམས་ལུས་གནད་བསྲང་ལ་ཀ་དག་སྤྲོས་མཐའ་བྲལ་བའི་ངང་དུ་མཉམ་པར་འཇོག་འཚལ།

ཞེས་རེ་ཞིག་བཞག་དེའི་ངང་ལ།

ཕཊ།

དྲག་པོ་ཞིག་བརྗོད།

སེམས་གང་ཡིན། རྟབ་རྟབ་ཏུ་དྲིས་པས། 

 

སྣང་བ་ཧད་དེ་ཕྱད་དེ་ཅི་ཟེར་ཆ་མེད་པ་བྱུང་ཚོར་གྱི་སྤྲོས་པ་འགགས་པ་དེ་ཉིད་རང་གནས་ཀྱི་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །

དེའང་ལྟ་བ་ལུང་རིག་དང་འབྲེལ་བ་ཞེས་བྱ་བ་ཡིན་པས།

སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །

མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །

སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །

དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེ། །

ཞེས་གསུངས་པའི་དོན་ལགས་སོ།  །

དེ་ནས་སློབ་དཔོན་ལྟ་དགོངས་ཅན་ཡིན་ན།

ཐུགས་ཀར་ཨ་ཡིག་ཞིག་གསལ་བ་ལ་སློབ་མའི་རིག་པ་གཏད་དུ་གཞུག་ལ་དཔོན་སློབ་གཉིས་ཀ་མཉམ་པར་བཞག །

སྒོམ་པ་ཉམས་མྱོང་དང་འབྲེལ་བའི་གཤིས་ནས་ཨ་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད་དོ།  །

དེ་ལྟར་བླ་མ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་དེ་ཁོ་ན་ཉིད་དོན་དམ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ།

ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག །

ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས།

ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར།

ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས།

ངོ་བོ་ཉིད་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ།  །

བཞི་པ་མཐའ་རྟེན་བཀའ་ལུང་ཡོངས་རྫོགས་གཏད་པ་ཡིན་པས།

རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་པས་དེ་དག་གི་དགོངས་རྒྱུད་བྱིན་རླབས་མཐའ་དག་ཁྱེད་རང་གི་རྒྱུད་ལ་འཕོས།

རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཚིག་དང་དོན་གྱི་གསང་བ་མཐའ་དག་གི་དབང་ཆེན་ཐོབ་པར་མོས་ཤིག །

གླེགས་བམ་མགོ་བོར་བཞག་ལ།

ཧོཿ ཆོས་སྐུ་ཀུན་ཏུ་བཟང་པོ།

ལོངས་སྐུ་རྒྱལ་བ་རིགས་ལྔ།

སྤྲུལ་སྐུ་དགའ་རབ་རྡོ་རྗེ།

སློབ་དཔོན་འཇམ་དཔལ་བཤེས་གཉེན།

རིག་འཛིན་ཤྲཱི་སིངྷ།

པཎ་ཆེན་བི་མ་མི་ཏྲ།

ཨོ་རྒྱན་པདྨ་ཐོད་ཕྲེང༌།

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།

མངའ་བདག་ཁྲི་སྲོང་ལྡེའུ་བཙན།

རྒྱལ་སྲས་དྲི་མེད་འོད་ཟེར།

ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་སོགས་པ་རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མ།

ཡི་དམ་མཁའ་འགྲོ་རྒྱ་མཚོ།

ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས།

དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་དུ་གསོལ།

བྱིན་གྱིས་བརླབ་ཏུ་གསོལ།

རྟོགས་པ་སྤར་དུ་གསོལ།

བརྟུལ་ཞུགས་བསྐྱེད་དུ་གསོལ།

བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོངས་པའི་བཙན་ས་ཟིན་ཏེ་ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་མཛད་དུ་གསོལ།

ཞེས་ལན་གསུམ་བརྗོད་ཅིང་རིག་པ་གཏད་མེད་ངང་དུ་བཞག་ལ་དོན་བརྒྱུད་འཕོ།

ལྔ་པ་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ།

སྤྱིར་གཏོར་མ་ལ་བསྙེན་སྒྲུབ་ཀྱི་དུས་སུ་དཀྱིལ་འཁོར་དུ་ཤེས་པ་དང༌།

མཆོད་པའི་དུས་སུ་འདོད་ཡོན་དུ་ཤེས་པ།

དབང་གི་དུས་སུ་ལྷར་ཤེས་པ།

རྗེས་དངོས་གྲུབ་ཏུ་ཤེས་པ་རྣམས་སུ་ཡོད་པ་ལས།

འདིར་དབང་དུས་ལྷར་ཤེས་པར་བྱ་བ་ཡིན་པས་ཐུགས་དམིགས་འདི་བཞིན་དུ་མཛོད།

རིག་འཛིན་བླ་མའི་གཏོར་ཆེན་འདི་ཉིད་ཕྱི་ལྟར་རིན་ཆེན་འབར་བའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ།

ནང་ལྟར་ཐེག་མཆོག་རྫོགས་པ་ཆེན་པོའི་བླ་མ་སྐུ་གསུམ་ཐོ་བརྩེགས་སུ་བཞུགས་ཤིང༌།

འཁོར་བཀའ་བབ་རིག་འཛིན་བརྒྱད་དང་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་ལྟར་གཏིབས་པ།

ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ལས་མཛད་པའི་བླ་མ་རིག་འཛིན་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ཤར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས།

གཙོ་འཁོར་ཐམས་ཅད་ཀྱི་གནས་བཞིར་ཨོཾ་ཨཱཿཧཱུྃ་དང་ཧྲཱིཿཡིག་གིས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པའི་མདོག་ཅན་དཔག་ཏུ་མེད་པ་བྱུང༌།

ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པ་ལ་བརྟེན་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ།

ལུས་ངག་ཡིད་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི་འགལ་རྐྱེན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང༌།

གནས་སྐབས་སུ་དབང་བཞིའི་ལམ་བསྒོམ་པ་དང༌།

མཐར་ཐུག་སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་དུང་དུང་མཛོད་ཅིག །

ཅེས་བརྡ་སྦྱར་ལ། འདི་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་རྡོ་རྗེའི་གསུང༌། མཆན།

ཧཱུྃ། དཀྱིལ་འཁོར་གཙོ་བོ་པད་འབྱུང་ཡབ་ཡུམ་དང༌།

རིག་འཛིན་དགའ་རབ་རྡོ་རྗེ་སེམས་དཔའ་ཆེ། །

ཀུན་བཟང་ཡབ་ཡུམ་རྒྱ་གར་རིག་འཛིན་བརྒྱད། །

རྗེ་རྒྱལ་འབངས་རིགས་ཉེར་ལྔ་ཡི་དམ་ལྷ། །

རྒྱུད་སྡེ་བཞི་དྲུག་དཔའ་བོ་མཁའ་འགྲོའི་ཚོགས། །

དཔལ་མགོན་བདུན་ཅུ་རྩ་ལྔ་དབང་ཕྱུག་མ། །

ཉེར་བརྒྱད་སྒོ་སྐྱོང་གིང་ཆེན་བཞི་བཅས་ཀྱི། །

སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་རྣམས་ཀུན། །

སྐལ་ལྡན་ལས་ཅན་རྣམས་ལ་བསྐུར་བ་ཡིས། །

ལུས་ངག་ཡིད་གསུམ་སྒོ་གསུམ་ཆ་མཉམ་བཞིའི། །

སྒྲིབ་བཞི་ཡོངས་དག་རིག་འཛིན་རྣམ་བཞིའི་ལམ། །

སྐུ་བཞིའི་གོ་འཕང་ཐོབ་པའི་རྟེན་འབྲེལ་བསྒྲིགས། །

མཐར་ཐུག་གཞོན་ནུ་བུམ་སྐུ་མངོན་གྱུར་ཤོག །

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། གུ་ཎ་སིདྡྷི་ཏྲཱཾ། སརྦ་སིདྡྷི་ཧྲཱིཿ

གཏོར་མ་གནས་སོ་སོར་བཞག

རྗེས་དངོས་གྲུབ་ཏུ་ཤེས་པའི་ཕྱིར་གཏོར་མའི་ལྷ་འོད་དུ་ཞུ་བའི་གཏོར་ཟན་དངོས་གྲུབ་ཀྱི་རང་བཞིན་བདུད་རྩིའི་དྭངས་བཅུད་དུ་འཁྱིལ་བ་མྱངས་བས་རྩ་ཁམས་ཐམས་ཅད་ལ་ཁྱབ།

ཟག་མེད་ཀྱི་བདེ་བས་རྒྱུད་གང༌།

མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད།

ཅེས་བརྡ་སྦྱར་ལ་གཏོར་ཟན་དངོས་སམ།

མཐའ་སྐོར་གྱི་མཐེབ་ཀྱུ་ལྟ་བུ་བདུད་རྩི་དང་སྦྱར་ནས་སྦྱིན།

དེ་དག་གིས་དབང་བསྐུར་གྱི་རིམ་པ་ཡོངས་སུ་རྫོགས་པས་སྒོ་གསུམ་བྱ་བ་དང་བཅས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གསང་གསུམ་ཕྲིན་ལས་དང་བཅས་པ་གཉིས་སུ་མེད་པར་གྱུར་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་གོ་འཕང་ཐོབ་པར་གྱུར་པ་ལ།

རྒྱལ་སྲིད་བདུན་གཏད་ལ།

ཕྱིའི་རྟེན་འབྲེལ་བསྐལ་པ་རྫོགས་ལྡན་གྱི་དགའ་སྟོན་ལ་སྤྱོད་པའི་འཁོར་ལོས་བསྒྱུར་རྒྱལ་རྣམས་ལ་སྔོན་གྱི་རྣམ་དཀར་གྱི་མཐུ་ལས་སྣང་བའི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་ས་གསུམ་འཇིག་རྟེན་ཀུན་ཏུ་དབང་བསྒྱུར་བ་དང༌།

ནང་དུ་འཕགས་པའི་ནོར་བདུན་གྱི་འབྱོར་པས་ལམ་ལྔའི་ཡོན་ཏན་ལ་དབང་བསྒྱུར་བའི་བརྡར་རྒྱལ་སྲིད་རིན་ཆེན་བདུན་གྱི་འབྱོར་པས་མངའ་གསོལ་བར་མོས་ཤིག །

བཀྲ་ཤིས་རྟགས་བརྒྱད་གཏད་ལ།

བསོད་ནམས་བརྒྱ་ལས་གྲུབ་པའི་སངས་རྒྱས་རྣམས་ཀྱི་མཚན་དཔེའི་དཔལ་ལས་སྣང་བའི་བཀྲ་ཤིས་པའི་རྟགས་མཆོག་བརྒྱད་ཀྱིས་དབང་བསྐུར་བས་བདུད་དང་མུ་སྟེགས་སོགས་ཕས་རྒོལ་གྱི་གཡུལ་ལས་རྒྱལ་ཞིང་འགྲོ་ཀུན་དེ་བཞིན་གཤེགས་པའི་མཚན་རྟགས་སོགས་སྤྱོད་ཡུལ་རླབས་པོ་ཆེ་ལ་འཇུག་པའི་དབང་ཐོབ་པར་མོས་ཤིག །

བཀྲ་ཤིས་རྫས་བརྒྱད་གཏད་ལ།

སྟོན་མཆོག་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་འདྲེན་པར་བྱོན་ནས་འདུལ་བ་བཞི་ཡི་ཕྲིན་ལས་དང༌།

མཛད་པ་བཅུ་གཉིས་ཀྱིས་འགྲོ་བའི་འདྲེན་པར་བྱོན་པའི་ཚེ་ལྷ་མིའི་དབང་པོ་དག་གིས་རྟེན་འབྲེལ་གྱི་རྫས་ཕུལ་བ་རྣམས་དུས་ཀུན་ཤིས་པ་སྤེལ་བའི་བཀྲ་ཤིས་གྲུབ་པའི་རྫས་མཆོག་བརྒྱད་དུ་བྱིན་གྱིས་བརླབས་པས་དབང་བསྐུར་བས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་ལེགས་རྟགས་ཀྱི་ཉི་མ་ཁོར་ཡུག་ཏུ་འཆར་བའི་དབང་ཐོབ་པར་མོས་མཛོད།

དེ་དག་ནི་སྤྲོས་པ་མཚམས་པའི་དབང་དུ་བྱས་ཀྱི་རྒྱས་པར་གྲུབ་ཆེན་ཕྲིན་ལས་འོད་ཟེར་གྱི་གསུང་ལྟར་སྦྱར་དགོས་སོ།  །

ལས་བྱང་ནས་འབྱུང་བ་ལྟར་ཤིས་པ་བརྗོད།

དེ་དག་རྣམས་ཀྱིས་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་གི་ཐིག་ལེའི་ནང་སྒྲུབ་རིག་འཛིན་འདུས་པའི་དབང་བསྐུར་རྒྱས་པ་གྲུབ་ཆེན་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་མན་ངག་ལུགས་ལྟར་ལེགས་པར་གྲུབ་པ་ལགས་པས་རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་ཅི་ནུས་སུ་འབད་པས་བསྲུང་སྙམ་པས་འདིའི་རྗེས་ཟློས།

རྩ་བ་སྐུ་གསུང་ཐུགས་མཆོག་དང༔

ཡན་ལག་དམ་ཚིག་ཉི་ཤུ་ལྔ༔

མེད་དང་གཅིག་པུ་ཕྱལ་བ་སོགས༔

ཆོ་ག་བཞིན་དུ་སྲུང་བར་བགྱི༔

ལན་གསུམ། གཏང་རག་གི་མཎྜལ་ཕུལ།

སླར་ཡང་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཁྱབ་བདག་བླ་མ་ཉིད་ལ་འབུལ་བའི་བློས་འདིའི་རྗེས་ཟློས།

གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །

དེ་དག་ཐམས་ཅད་བདག་གིས་བགྱི། །

ཁྱེད་ལ་བདག་ཀྱང་ཡོངས་སུ་འབུལ། །

སློབ་མར་བཟུང་ནས་སྤྱད་དུ་གསོལ། །

ལན་གསུམ།

དགེ་བསྔོ་བྱས་ལ་སློབ་མ་རྣམས་གྲོལ། སློབ་དཔོན་གྱིས་ཚོགས་མཆོད།

སྤྲོ་ན་བསྐང་བཤགས་རྡོ་རྗེའི་ཐོལ་གླུ་དང༌། རིག་འདུས་རང་གི་བསྐང་བ་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་གསུང་སོགས་སྦྱར་ཞིང་ཚོགས་ལ་རོལ། ལྷག་མ་ནས་ཤིས་བརྗོད་བར་གསང་བ་སྤྱི་ལྟར་མཐར་དབྱུང་བས་གྲུབ་བོ།  །

 

དེ་དག་གིས་འོད་གསལ་སྙིང་ཐིག་གི་རྩ་བའི་ཆོས་བདག་གྲུབ་ཆེན་རིན་པོ་ཆེ་ཀུན་བཟང་གཞན་ཕན་གྱི་གསུང་གི་དགོངས་པ་ལྟར་ཡིད་རྟོན་འོས་པ་ཡིན་ལ། གྲུབ་རྗེས་གསུང་དངོས་རྙེད་ན་དེ་ཉིད་གཙོ་བོར་བྱ་བ་ལས་ཡན་ལག་བརྒྱད་པའི་མཚོ་འགྲམ་དུ་བ་ཚྭའི་ཁྲོན་པ་ལ་ཡིད་གདུང་བར་མི་བྱའོ།  །

འདི་ལ་གཏེར་གཞུང་རྩ་བའི་དགོངས་པ་དངོས་བསྟན་རྒྱལ་ཐབས་སྤྱི་བླུགས་ལྟར་འབོག་ན་འཇམ་མགོན་པདྨ་གར་དབང་གི་གསུང་པདྨའི་དོ་ཤལ་ལྟར་ཤེས་པར་བྱའོ། །

ཀུན་མཁྱེན་ཡེ་ཤེས་ཀློང་ལྔའི་མཛོད། །
བརྩེ་ཆེན་ཐུགས་ཀྱི་ཐིག་ལེའི་བཅུད། །
བྱིན་རླབས་རྩ་བ་བླ་མ་ཡི། །
ཐུགས་སྒྲུབ་སྨིན་བྱེད་འོད་ཟེར་རྨད། །

 

ཅེས་སྒྲུབ་སྡེའི་ཐོག་མ་བྱིན་རླབས་ཀྱི་རྩ་བ་བླ་མ་རིག་འཛིན་འདུས་པའི་དབང་བསྐུར་རྒྱས་པར་སྤྲོས་པའི་ལེའུ་ཚན་གཉིས་པ་སྟེ་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་སྦྱར་བའོ།། །།

 

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

རིག་འཛིན་འདུས་པ།

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept