Prayer to the Three Roots—Tibetan
༄༅། །རྩ་གསུམ་གསོལ་འདེབས།
དུས་གསུམ་རྒྱལ་བའི་བཞུགས་གནས་སྐུ་གསུམ་ཞིང་། །
མཁའ་སྤྱོད་ཉེར་བཞི་དབང་ཕུག་ལ་སོགས་ལ། །
བཞུགས་པའི་དགོངས་བརྡ་སྙན་བརྒྱུད་རིག་འཛིན་ཚོགས། །
ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་དང་། །
དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །
བྱང་ཆུབ་ལམ་མཐུན་བསམ་པ་ལྷུན་གྱིས་འགྲུབ། །
ནམ་ཞིག་སྐུ་གསུམ་རྒྱལ་ས་ཟིན་པར་ཤོག །
ཅེས་པ་འདི་ནི་རིན་ཆེན་རྡོ་རྗེས་བསྐུལ་ངོར། མཆོག་མིང་པས་སྨྲས་ནས་ཡི་གེ་པ་ནི་ཨོ་རྒྱན་རྣམ་རྒྱལ་ལོ། །