The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Short Prayer for Rigdzin Paljor—Tibetan

English | བོད་ཡིག

༄༅། །རིག་འཛིན་དཔལ་འབྱོར་གྱིས་བསྐུལ་བའི་གསོལ་འདེབས་བསྡུས་པ།

 

ཨོྃ་ཨཱཿཧཱུྃ།

རིག་པའི་རྒྱལ་པོ་པདྨ་འོད་འབར་གྱི། །

རྣམ་པར་རོལ་པ་བླ་མ་ཡི་དམ་དང་། །

མཁའ་འགྲོ་ཆོས་སྐྱོང་ཁྱད་པར་སངས་རྒྱས་གླིང་། །

བླ་མ་དགོངས་འདུས་ལྷ་ལ་གསོལ་བ་འདེབས། །

 

རིག་པ་ཐབས་མཆོག་ཁྲག་འཐུང་བདུད་འདུལ་གླིང་། །

སྟོང་པའི་བདག་ཉིད་གསང་ཡུམ་མེ་ཏོག་འཆང་། །

རིག་སྟོང་དབྱེར་མེད་མཆོག་གྱུར་གླིང་པའི་ངང་། །

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །

 

གནས་སྐབས་བདེ་སྐྱིད་ཉེས་ཞི་ལེགས་འཕེལ་ནས། །

རྫོགས་ལྡན་དང་པོའི་དཔལ་ལ་སྤྱོད་གྱུར་ནས། །

འཆི་ཚེ་པདྨ་འོད་དུ་མྱུར་བགྲོད་ཤོག །

ཨོྃ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ

མང་དུ་བཟླས།

 

འདི་ལྟར་དགོས་ཞེས་སྔགས་འཆང་རིག་འཛིན་དཔལ་འབྱོར་གྱིས་བསྐུལ་ངོར། ངེད་རང་ལ་གསོལ་འདེབས་འོས་མེད་ཀྱང་ཉིད་ཚང་གིས་ངེད་རང་ལ་རག་གན་གསེར་དུ་མཐོང་འདུག་པས། དད་པའི་ངོ་མི་ལྡོག་པའི་ཕྱིར་བྲིས་པ་འདི། ཁྱི་སོའི་རིང་བསྲེལ་གྱི་དཔེ་ལྟར་ལྷག་བསམ་བཟང་པོས་མགྱོགས་པར་བྲིས། འོན་ཀྱང་ངེད་རང་ཞན་ན་ཡང་། གུ་རུ་རིན་པོ་ཆེའི་བྱིན་གྱིས་བརླབས་ཤས་ཆེ།།

 

མཆོག་གྱུར་བདེ་ཆེན་གླིང་པ།

མཆོག་གྱུར་བདེ་ཆེན་གླིང་པ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept