The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Rousing from the Sleep of Ignorance—Tibetan

English | བོད་ཡིག

༄༅། །མ་རིག་གཉིད་སྐྲོག

 

གུ་རུ་པདྨ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་སྐུ་གར་སྟབས། གསུང་བརྡ་སྐད་སྔགས་ཀྱི་གླུ་དབྱངས། ཐུགས་ཀྱི་དགོངས་པ་རིག་པ་རང་ཤར་གྱི་ངོ་བོ་བདག་ལ་གཏད་དེ་ཌཱ་དྲིལ་གྱི་སྒྲ་དང་བཅས་ཏེ་ཟིལ་ཆེན་པོས་མདུན་གྱི་ནམ་མཁར་བྱོན་པར་བསམ་ལ།

དགོངས་པ་ཀློང་ཡངས་ཆོས་སྐུའི་ཕོ་བྲང་འོག་མིན་གྱི་གནས་ནས། །

བདེ་ཆེན་ཡེ་ཤེས་ལོངས་སྤྱོད་རྫོགས་སྐུ་རིག་འཛིན་གྱི་རྒྱལ་པོ། །

གྲུབ་ཐོབ་དཔའ་བོ་རྒྱ་མཚོའི་གཙོ་བོ་ཨོ་རྒྱན་གྱི་སློབ་དཔོན། །

དྲིན་ཆེན་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་གི་མཚན་འཆང་། །

ལེགས་ཉེས་སྟངས་འཛིན་ཡེ་ཤེས་ལས་གྲུབ་མཁའ་འགྲོ་ཡི་ཚོགས་དང་། །

འཁོར་བཅས་ཐུགས་རྗེའི་བརྩེ་བས་སྐལ་ལྡན་བདག་ཅག་གི་མདུན་དུ། །

མ་རིག་གཏི་མུག་ཐོས་བསམ་བསྒོམ་པའི་བར་ཆད་རྣམས་བསལ་ཕྱིར། །

སྐུ་གསུང་ཐུགས་ཀྱི་བཀོད་པ་ངོ་མཚར་དུ་མ་དང་བཅས་ཏེ། །

མྱུར་བ་ཉིད་དུ་རྔ་ཡབ་གླིང་ནས་ད་ལྟ་རང་བྱོན་ལ། །

འཐིབས་པོའི་སྦུབས་འདི་ཡེ་ཤེས་རལ་གྲི་འབར་བ་ཡིས་བཀྲལ་ནས། །

ཤེས་རབ་བློ་གྲོས་མཐའ་ཡས་རྣམ་བཀྲ་པདྨ་ཡི་འདབ་བཞད། །

སྒོམ་བྱུང་རིག་པའི་རྩལ་ཁ་རྒྱས་པའི་ཉི་འོད་དེ་གསལ་མཛོད། །

 

བདག་ཉིད་བསྐལ་མང་བསོད་ནམས་རྒྱ་མཚོའི་མཐུ་དཔལ་ལས་གྲུབ་པའི། །

རྙེད་དཀའི་དལ་འབྱོར་མི་ལུས་ཐོབ་ནས་སངས་རྒྱས་ཀྱི་བསྟན་པ། །

མཇལ་ཞིང་ཁྱད་པར་གསང་སྔགས་ཟབ་དོན་ཚིག་གཅིག་ལ་གྲོལ་བའི། །

གདམས་པ་འདིར་འཕྲད་ཐོས་བསམ་བསྒོམ་པ་འདི་འདྲ་ཡི་དུས་ཤིག །

ནམ་དུ་མི་རྙེད་འདི་འདྲའི་དུས་སུ་ལེ་ལོ་ཡི་ཐང་འབྱམས། །

སྙིང་མེད་བདག་ལ་ཐུགས་རྗེའི་ནུས་པས་ད་ལྟ་རང་བྱིན་རློབས། །

མཐའ་མེད་འཁོར་བའི་རྒྱ་མཚོར་བྱིངས་པའི་མ་གྱུར་གྱི་འགྲོ་བ། །

མ་ལུས་བསྒྲལ་ཕྱིར་ཐེག་པ་ཕྱི་ནང་གསང་གསུམ་གྱི་སྒྲོ་འདོགས། །

ཆོད་ནས་དབེན་པའི་རི་ལ་བསྐྱེད་རྫོགས་མཐར་ཕྱིན་དུ་བསྒོམས་ནས། །

རང་དོན་གནད་གསུམ་ལྷ་རུ་བསྣུན་པས་རང་སྣང་རིས་མེད་དུ་གྲོལ་ཏེ། །

གཞན་དོན་གང་མོས་དེར་སྟོན་སྣང་བ་དཔེ་ཆ་རུ་འཆར་ཞིང་། །

འཆད་རྩོད་རྩོམ་པས་བསྟན་པའི་གསོས་གྱུར་འགྲོ་བ་རྣམས་ལ་ཕན་གདགས། །

དོན་གཉིས་ལྷུན་གྱིས་གྲུབ་པ་ཞིག་མྱུར་བ་ཉིད་དུ་བགྱིའོ། །

 

ཞེས་པ་འདིའང་བླ་མ་རབ་འབྱམས་པ་པདྨ་བློ་གྲོས་གྱིས་ཐོས་བསམ་སྒོམ་གསུམ་གྱི་བར་ཆད་བསལ་ཕྱིར་མཆོག་གྱུར་གླིང་པས་བགྱིས་པའོ། །

 

མཆོག་གྱུར་བདེ་ཆེན་གླིང་པ།

Guru Padmasambhava

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept