The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Vidyādhara Gurus—Tibetan

English | བོད་ཡིག

༄༅། །རིག་འཛིན་བླ་མའི་གསོལ་འདེབས་ནི།

སྐྱབས་ཀུན་འདུས་ཞལ་གུ་རུ་རིན་པོ་ཆེའི་གཙོས་རྩ་གསུམ་བརྒྱུད་པར་བཅས་པ་ལ་གསོལ་འདེབས་ཀྱི་ཕྲེང་བ་བྱིན་རླབས་ནོར་བུའི་གྲུ་ཆར་ལས་བཀོལ་དུ་ཕྱུང་ངོ་། །

 

ཨེ་མ་ཧོཿ ཆོས་དབྱིངས་རྣམ་པར་དག་པའི་ཞིང་ཁམས་སུ། །

སྐྱེ་མེད་ཆོས་སྐུ་དག་པའི་ཕོ་བྲང་ནས། །

ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །

སྐྱེ་མེད་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །

 

འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་སུ། །

གཏི་མུག་རྣམ་དག་མེ་ལོང་ཕོ་བྲང་ནས། །

སངས་རྒྱས་རྣམ་པར་སྣང་མཛད་ལ་གསོལ་བ་འདེབས། །

གཏི་མུག་རྣམ་དག་རྟོགས་པར་བྱིན་གྱིས་རློབས། །

 

ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ། །

ཞེ་སྡང་རྣམ་དག་སྟོང་ཉིད་ཕོ་བྲང་ནས། །

སངས་རྒྱས་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །

ཞེ་སྡང་རྣམ་དག་རྟོགས་པར་བྱིན་གྱིས་རློབས། །

 

ལྷོ་ཕྱོགས་དཔལ་ལྡན་མཛེས་པའི་ཞིང་ཁམས་སུ། །

ང་རྒྱལ་རྣམ་དག་མཉམ་ཉིད་ཕོ་བྲང་ནས། །

སངས་རྒྱས་རིན་ཆེན་འབྱུང་ལྡན་ལ་གསོལ་བ་འདེབས། །

ང་རྒྱལ་རྣམ་དག་རྟོགས་པར་བྱིན་གྱིས་རློབས། །

 

ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །

འདོད་ཆགས་རྣམ་དག་སོར་རྟོག་ཕོ་བྲང་ནས། །

སངས་རྒྱས་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །

འདོད་ཆགས་རྣམ་དག་རྟོགས་པར་བྱིན་གྱིས་རློབས། །

 

བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ། །

ཕྲག་དོག་རྣམ་དག་བྱ་གྲུབ་ཕོ་བྲང་ནས། །

སངས་རྒྱས་དོན་ཡོད་གྲུབ་པ་ལ་གསོལ་བ་འདེབས། །

ཕྲག་དོག་རྣམ་དག་རྟོགས་པར་བྱིན་གྱིས་རློབས། །

 

སེམས་དཔའ་བརྒྱད་དང་སངས་རྒྱས་སྟོང་རྩ་དང་། །

སེམས་མ་བརྒྱད་སོགས་ལོངས་སྐུ་སྤྲུལ་སྐུའི་ཞིང་། །

སངས་རྒྱས་བྱང་སེམས་རྣམས་ལ་གསོལ་བ་འདེབས། །

བདག་རྒྱུད་བྱིན་བརླབ་གཞན་རྒྱུད་གྲོལ་བ་དང་། །

ཕྲིན་ལས་ཕྱོགས་བཅུར་རྒྱས་པར་བྱིན་གྱིས་རློབས། །

 

དུས་གསུམ་བདེ་གཤེགས་ཐམས་ཅད་གཅིག་བསྡུས་པའི། །

རྗེ་བཙུན་གུ་རུ་པདྨ་རིན་པོ་ཆེ། །

སློབ་དཔོན་བརྒྱད་དང་མ་གཅིག་མཚོ་རྒྱལ་མ། །

ལོ་པཎ་རྗེ་འབངས་རྣམས་ལ་གསོལ་བ་འདེབས། །

 

བསྐྱེད་རྫོགས་མཐར་ཕྱིན་རྩ་རླུང་མངོན་གྱུར་ནས། །

འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་ནས་སུ། །

ཚེ་འདིར་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས། །

 

ཆོས་རྒྱལ་རིམ་བྱོན་གཏེར་ཆེན་གཏེར་ཕྲན་དང་། །

བཀའ་གཏེར་བརྒྱུད་པའི་བླ་མ་རིག་འཛིན་སོགས། །

རྒྱ་བོད་རིས་མེད་བླ་མར་གསོལ་བ་འདེབས། །

དག་སྣང་བརྩོན་འགྲུས་སྐྱེ་བར་བྱིན་གྱིས་རློབས། །

 

ལོངས་སྐུའི་ཞིང་དུ་སྟོན་པ་རྡོ་རྗེ་སེམས། །

ཐུབ་པའི་ཉན་ཐོས་ལག་ན་རྡོ་རྗེ་དང་། །

པད་འབྱུང་དྲུང་དུ་རྒྱལ་སྲས་མུ་རུབ་བཙན། །

ཟབ་གཏེར་མངའ་བདག་སངས་རྒྱས་གླིང་པ་མཆོག །

ཡང་སྤྲུལ་རིག་འཛིན་མི་འགྱུར་རྡོ་རྗེ་དང་། །

གུ་དྲག་བཀའ་བབས་རིག་འཛིན་མཆོག་གྱུར་གླིང་། །

མ་འོངས་གཏེར་སྟོན་དྲི་མེད་ཀུན་ལྡན་དང་། །

སངས་རྒྱས་མོས་པ་ཅན་ལ་གསོལ་བ་འདེབས། །

འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །

 

བྱིན་གྱིས་རློབས་ཤིག་བླ་མ་རིག་འཛིན་ཚོགས། །

བར་ཆད་སོལ་ཅིག་རིག་འཛིན་སངས་རྒྱས་གླིང་། །

དངོས་གྲུབ་སྩོལ་ཅིག་མི་འགྱུར་རྡོ་རྗེ་རྩལ། །

ཕྲིན་ལས་རྒྱས་ཤིག་རིག་འཛིན་མཆོག་གྱུར་གླིང་། །

ཁྱེད་ཀྱིས་རྗེས་འཛིན་བུ་སློབ་བདག་ཅག་ལ། །

བྱིན་གྱིས་རློབས་ཤིག་དྲིན་ཅན་བླ་མ་རྗེ། །

ཚེ་གཅིག་སངས་རྒྱས་འགྲུབ་པར་མཛད་དུ་གསོལ། །

 

ཞེས་རིག་སྔགས་འཆང་བ་རིག་འཛིན་དཔལ་འབྱོར་ནས་ཡང་ཡང་བསྐུལ་ངོར། རིག་འཛིན་མཆོག་གྱུར་གླིང་པ་བདེ་བ་རྩལ་གྱི་མཚམས་ཁང་དུ་སྦྱར་བ་དགེ། ཡི་གེ་པ་ནི་ཞུ་བ་པོ་ཉིད་ཀྱིས་བྲིས། །

 

མཆོག་གྱུར་བདེ་ཆེན་གླིང་པ།

མཆོག་གྱུར་བདེ་ཆེན་གླིང་པ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept