Prayer for Pema Gönpo—Tibetan
༄༅། །པདྨ་མགོན་པོས་བསྐུལ་བའི་གསོལ་འདེབས།
ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །
དེ་ཉིད་རྡོ་རྗེ་སློབ་དཔོན་ཚུལ་བཟུང་བ། །
མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ། །
ཁྱེད་ལ་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །
གང་གི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །
མི་ཟད་རྒྱན་འཁོར་ཉེར་ལྔའི་རྣམ་འཕྲུལ་ལྔས། །
ཆོས་རྒྱལ་འབངས་རིགས་གྲུབ་ཐོབ་ཉེར་ལྔའི་ཚོགས། །
ཁྱེད་ལ་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །
དེ་ཀུན་ཡེ་ཤེས་གཞལ་ཡས་སྣང་ཆ་ལས། །
གུ་རུས་སྦས་པའི་ཟབ་པའི་གཏེར་མཆོག་རྣམས། །
འདོན་པའི་སྐྱེས་བུ་ལས་ཅན་བརྒྱ་རྩ་བརྒྱད། །
ཁྱེད་ལ་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །
གཞན་ཡང་རྔ་ཡབ་པ་ཡིས་རྗེས་བཟུང་བའི། །
ལས་ཅན་ཆོས་བདག་བརྒྱུད་པ་འཛིན་པའི་ཚོགས། །
གྲུབ་པ་ཐོབ་པའི་ལས་ཅན་བསམ་ཡས་པ། །
ཁྱེད་ལ་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །
ཞེས་དཔལ་ཁྱིམ་སྔགས་འཆང་པདྨ་མགོན་པོ་ནས་བསྐུལ་ངོར། མཆོག་གྱུར་གླིང་པས་བྲིས། །