Prayer for Nyindzong Geshe—Tibetan
༄༅། །ཉིན་རྫོང་དགེ་བཤེས་ཀྱིས་བསྐུལ་བའི་གསོལ་འདེབས།
རྒྱལ་ཀུན་འདུས་གཟུགས་གུ་རུ་པདྨ་འབྱུང་། །
ཤེས་རབ་ཆ་འཛིན་ཡེ་ཤེས་མཚོ་རྒྱལ་མ། །
དབྱེར་མེད་རིག་འཛིན་བླ་མ་ཡབ་ཡུམ་ལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
མི་རྟག་འཆི་བས་རྒྱུད་བསྐུལ་ཐར་འདོད་ཀྱིས། །
བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སོང་ནས། །
ལས་འབྲས་ཡིད་ཆེས་སྡོམ་པ་གཙང་མ་སྲུང་། །
གཞན་ཕན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །
བླ་མ་སངས་རྒྱས་དངོས་ཀྱི་དག་སྣང་ཐོབ། །
རང་སེམས་ལྟ་མཁན་ཐོག་ཏུ་མ་བཅོས་ཞོག །
ངོས་བཟུང་མེད་པ་གསལ་སྟོང་འཛིན་མེད་ངང་། །
ཡེངས་མེད་བརྩོན་འགྲུས་ལྡན་པར་བྱིན་གྱིས་རློབས། །
བྱང་ཆུབ་ལམ་གྱི་འགལ་རྐྱེན་ཀུན་ཞི་ཞིང་། །
མཐུན་རྐྱེན་བསམ་དོན་ཆོས་བཞིན་འགྲུབ་པ་དང་། །
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །
ཚེ་གཅིག་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །
ཅེས་པ་ཉིན་རྫོང་དགེ་བཤེས་ངོར་མཆོག་གྱུར་གླིང་པས་སྤེལ་བ་དགེ །