Prayer for Disciples—Tibetan
༄༅། །སློབ་མས་བསྐུལ་བའི་གསོལ་འདེབས།
ཨེ་མ་ཧོཿ
གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །
ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་ཡབ་ཡུམ་བཅུ། །
སྤྲུལ་སྐུ་སངས་རྒྱས་ཤཱཀྱ་ཐུབ་པ་དང་། །
སྟོན་པ་སྟོང་རྩ་ཉེ་བའི་སྲས་ཆེན་སོགས། །
ཕྱོགས་བཅུ་དུས་གསུམ་བྱོན་པ་རྒྱལ་བའི་ཚོགས། །
བདེ་བར་གཤེགས་པ་རྣམས་ལ་གསོལ་བ་འདེབས། །
བདག་དང་འགྲོ་དྲུག་འཁོར་བའི་གནས་ནས་དྲོངས། །
འཇིག་རྟེན་མིག་གྱུར་འཕགས་ཡུལ་སློབ་དཔོན་བརྒྱད་། །
གསང་ཆེན་སྟོན་གཙོ་གུ་རུ་རིན་པོ་ཆེ། །
གསང་སྔགས་བཀའ་ཡི་བསྡུ་དཔོན་མཚོ་རྒྱལ་མ། །
ཐུགས་བྱོན་མུ་ཏྲ་མངའ་བདག་ཡབ་སྲས་བཞི། །
རྗེ་འབངས་ཉེར་ལྔ་མཁས་དང་གྲུབ་པའི་གཙོ། །
བོད་ལ་དྲིན་ཅན་མཛད་ལ་གསོལ་བ་འདེབས། །
སྙིགས་མའི་བོད་འབངས་རྣམས་ལ་ཐུགས་རྗེའི་གཟིགས། །
འཇིག་རྟེན་སྒྲོན་མེ་གཏེར་ཆེན་བརྒྱ་རྩའི་ཞབས། །
རིས་མེད་འགྲོ་འདྲེན་གཏེར་ཕྲན་སྟོང་རྩ་གཉིས། །
འབྲེལ་ཚད་དོན་ལྡན་ཡང་གཏེར་བྱེ་བའི་ཚོགས། །
ཆོས་བདག་བརྒྱུད་འཛིན་ཁྱད་པར་ད་ལྟའི་དུས། །
མཁས་བཙུན་ཕུལ་བྱུང་བསྟན་འགྲོའི་མིག་རྣམས་སུ། །
མཛེས་པར་གར་སྒྱུར་འཁྲུལ་མེད་གང་ཟག་མཆོག །
ཐེ་ཚོམ་གནས་མེད་རྣམས་ལ་གསོལ་བ་འདེབས། །
ཁྱད་པར་སྙིགས་མའི་བསྟན་འཛིན་པཎྜི་ཏ། །
ཆེ་མཆོག་འདུས་རྩལ་བྱང་སེམས་ཚད་མེད་ཅིང་། །
འགྲུ་རྗེའི་སྡོང་འཁྲུངས་མཛད་པ་བཅུ་གཉིས་ཀྱི། །
འགྲོ་འདྲེན་མགོན་པོ་དཔལ་ལྡན་འགྱུར་མེད་ཅེས། །
བཀའ་དྲིན་ཅན་གྱི་བླ་མར་གསོལ་བ་འདེབས། །
གཅིག་ཆོག་གྱུར་པར་གསོལ་བ་བཏབ་པའི་མཐུས། །
ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས། །
དངོས་གྲུབ་རྣམ་གཉིས་ཐོབ་པར་བྱིན་གྱིས་རློབས། །
རང་སེམས་སངས་རྒྱས་མངོན་སུམ་མཐོང་བ་དང་། །
ནམ་ཞིག་སྐྱེ་འཆིའི་ཁ་ལོ་གར་བསྒྱུར་ཀྱང་། །
ཚེ་རབས་ཨོ་རྒྱན་པདྨས་རྗེས་འཛིན་ཤོག །
ཅེས་པ་འདི་ཡང་སྔ་འགྱུར་རྡོ་རྗེ་ཐེག་པའི་བརྒྱུད་འཛིན་གུ་རུ་བསྒོམ་པ་སྔགས་འཆང་སེར་སྐྱ། འབེ་བཟའ་བཅས་ནས་བསྐུལ་ངོར། གྱི་ན་བ་མཆོག་གྱུར་གླིང་པས་བྲིས། དགེ་བས་འགྲོ་ཀུན་ཨོ་རྒྱན་པདྨའི་གོ་འཕང་ཐོབ་པར་ཤོག །