A Prayer Bestowed in a Dream—Tibetan
༄༅། །རྨི་ལམ་ལ་བསྩལ་པའི་གསོལ་འདེབས་བཞུགས་སོ། །
རྩ་བའི་ཐུགས་སྒྲུབ་བཀའ་རྒྱ་གྲོལ་ནས་གཏན་ལ་འབེབས་པར་སྟ་གོན་མཁའ་འགྲོ་དགྱེས་བྱེད་རྟེན་འབྲེལ་ཕྱི་ནང་གསང་གསུམ་བསྒྲིགས་ནས་ལུས་སེམས་བདེ་བའི་ངང་དུ་ཉལ་བའི་རྨི་ལམ་དུ་རྔ་ཡབ་གླིང་དུ་ཕྱིན་ནས་གུ་རུ་རིན་པོ་ཆེ་ཡབ་ཡུམ་མཇལ་བའི་དག་སྣང་བྱུང་། ཚུར་འོང་བའི་ལམ་ཁ་རུ་མཁའ་འགྲོ་མང་པོས་ཚོགས་འཁོར་ཕྱི་ནང་གསང་གསུམ་མཛད་ཅིང་གླུ་བྲོ་མང་པོའི་མཐར་ཤིས་བརྗོད་བདེན་ཚིག་གི་གླུ་འདི་བླང་བྱུང་ངོ་། །
ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །
རྗེ་བཙུན་པདྨ་ཐོད་ཕྲེང་ལ། །
གྲུབ་ཐོབ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །
གསོལ་བ་འདེབས་སོ་བྱིན་གྱིས་རློབས། །
འོད་གསལ་དབང་གི་ཕོ་བྲང་དུ། །
དཔལ་ཆེན་རྟ་མགྲིན་རྒྱལ་པོ་ལ། །
ཡི་དམ་ཞི་ཁྲོའི་ཚོགས་ཀྱིས་བསྐོར། །
གསོལ་བ་འདེབ་སོ་བྱིན་གྱིས་རློབས། །
རྩ་རླུང་དག་པ་མཁའ་སྤྱོད་དུ། །
མཁའ་འགྲོ་གསང་བ་ཡེ་ཤེས་ལ། །
དཔའ་བོ་ཌཱ་ཀི་རྒྱ་མཚོས་བསྐོར། །
གསོལ་བ་འདེབ་སོ་བྱིན་གྱིས་རློབས། །
མེ་རི་འབར་བའི་དུར་ཁྲོད་ན། །
ཡེ་ཤེས་མགོན་པོ་ཕྱག་བཞི་ལ། །
ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར། །
གསོལ་བ་འདེབ་སོ་བྱིན་གྱིས་རློབས། །
ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ན། །
སྔགས་སྲུང་ཨེ་ཀ་ཛཱ་ཊི་ལ། །
མ་མོ་མཁའ་འགྲོ་འབུམ་གྱིས་བསྐོར། །
གསོལ་བ་འདེབས་སོ་བྱིན་གྱིས་རློབས། །
རེ་ལྟོས་སྐྱབས་མཆོག་ཁྱེད་རྣམས་ཀྱི། །
ཐུགས་རྗེ་མཐུ་རྩལ་ནུས་པ་ཡིས། །
ཕྱི་ཡི་ནད་གདོན་འཇིགས་བརྒྱད་ཟློག །
ནང་གི་རྩ་རླུང་མདུད་པ་ཁྲོལ། །
གསང་བའི་རྣམ་རྟོག་བདུད་ཚོགས་ཐུལ། །
ལུས་ལ་ཚེ་བསོད་གཟི་མདངས་སྤེལ། །
ངག་ལ་རྩ་རླུང་ནུས་པ་སྤོར། །
སེམས་ལ་བདེ་ཆེན་ཡེ་ཤེས་སྐྱེད། །
རྒྱལ་བའི་བཀའ་ཆད་མེད་པ་དང་། །
མཁའ་འགྲོའི་ཀོ་ལོང་མེད་པར་མཛོད། །
སྲུང་མའི་འཁུ་ལྡོག་མི་འབྱུང་ཞིང་། །
དམ་མཁོན་ཉམས་གྲིབ་དབྱིངས་སུ་སོལ། །
མཁའ་འགྲོའི་སུན་མ་ཡར་ལ་ཟློག །
བྱད་ཕུར་རྦོད་གཏོང་ཚར་ཆོད་ཅིག །
རྒྱ་འདྲེ་འབྱུང་པོ་རྡུལ་དུ་རློག །
འགྲོ་དོན་བྱེད་པའི་སྐྱེས་བུ་ཡི། །
སྐུ་གསུང་ཐུགས་ཀྱི་བར་ཆད་ཟློག །
རྡོ་རྗེ་གསུམ་གྱི་ངོ་བོ་རུ། །
བསྐལ་བརྒྱའི་བར་དུ་བཞུགས་གྱུར་ཅིག །
བླ་མ་ཡི་དམ་མཆོག་གསུམ་བདེན། །
ཆོས་ཉིད་རྣམ་པར་དག་པ་བདེན། །
མཁའ་འགྲོ་རྣམས་ཀྱི་རྟེན་འབྲེལ་བདེན། །
ཆོས་སྐྱོང་སྲུང་མའི་ཕྲིན་ལས་བདེན། །
དམ་ལྡན་སློབ་མའི་མོས་གུས་ཀྱིས། །
འདོད་དོན་འགྲུབ་པའི་བཀྲ་ཤིས་ཤོག །
ཅེས་གླུ་བླངས་པ་འདི་ལྟ་བུ་དམ་ལྡན་ཕྱག་རྒྱ་སོགས་སློབ་མས་མོས་གུས་བརྩེ་གདུང་གིས་གསོལ་བ་བཏབ་ན་བུ་ཁྱོད་ཀྱི་བསམ་པ་འགྲུབ་གསུངས་སོ། །