The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Gesar Sādhana—Tibetan

English | བོད་ཡིག

༄༅། །གེ་སར་སྐྱེས་བུ་དོན་འགྲུབ་ཀྱི་སྒྲུབ་ཐབས་གྲུབ་གཉིས་དཔྱིད་སྟེར་ལས་བཞི་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །

 

ན་མོ་པདྨ་བཛྲ་ཡེ། །

དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །
ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །
རྒྱལ་པོ་སྒྱུ་འཕྲུལ་ཆེ་བའི་མཆོག །
བླ་མ་གེ་སར་རྒྱལ་ལ་འདུད། །

དེ་ཡང་སྤྲུལ་པའི་གཏེར་སྟོན་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པའི་དགོངས་པའི་ཀློང་ནས་བརྡོལ་བའི་གེ་སར་སྐྱེས་བུའི་སྒྲུབ་ཐབས་འདི་ཉིད་ཉམས་སུ་ལེན་པར་འདོད་པས། གནས་དབེན་པར་སྒྲུབ་རྟེན་སྐུ་གསུང་ཐུགས་རྟེན་སྤྱི་དང་བྱེ་བྲག །གཏོར་མ་རིན་ཆེན་འབར་བ། སྨན་རཀ ཉེར་སྤྱོད་སོགས་འདོད་ཡོན་སྣ་ཚོགས་ཀྱི་མཆོད་པ་བཅས་དང་། གཤམ་གྱི་བྱ་བ་རྣམས་སོ་སོའི་མོས་པ་ལྟར་འདོར་ལེན་ནམ། ཁྱབ་གཞིས་གང་བྱེད་ཀྱི་ཡོ་བྱད་བདོགས་ལ།

 

ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔

སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔

སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔

སྐུ་གསུམ་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔

ཞེས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད།

 

ཧཱུྃ༔ སྟོང་ཉིད་དབྱིངས་ལས་ཡེ་ཤེས་ཀུན་ཏུ་སྣང་༔

རྒྱུ་ཡི་ཏིང་འཛིན་ཧྲཱིཿལས་འོད་འཕྲོས་པས༔

སྣང་སྲིད་ཐམས་ཅད་པདྨ་དྲྭ་བའི་ཞིང་༔

ངོ་མཚར་བཀོད་པ་བསམ་ཡས་དཀྱིལ་འཁོར་དབུས༔

 

རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེང་༔

ཧྲཱིཿཡིག་ཡོངས་གྱུར་བདག་ཉིད་སྐད་ཅིག་གིས༔

མ་ཧཱ་གུ་རུ་ཨོ་རྒྱན་ཐོད་ཕྲེང་རྩལ༔

སྣང་སྲིད་ཟིལ་གནོན་དཀར་དམར་ཞི་ཁྲོའི་ཉམས༔

 

ཕྱག་གཡས་རྡོ་རྗེ་རྩེ་ལྔ་མཁའ་ལ་འཕྱར༔

གཡོན་པས་མཉམ་གཞག་བདེ་སྐྱོང་ཚེ་བུམ་བསྣམས༔

གསང་ཡུམ་སྦས་ཚུལ་ཁ་ཊྭཱྃ་གཡོན་ནས་འཁྲིལ༔

པད་ཞྭ་གསང་ཕོད་ཆོས་གོས་ཟ་བེར་གསོལ༔

 

ཞབས་གཉིས་རོལ་སྟབས་འཇའ་ཟེར་ཀློང་ན་འགྱིང་༔

སྤྱི་བོར་ལོངས་སྐུ་སྤྱན་རས་གཟིགས་དབང་དང་༔

རིགས་ཀྱི་བདག་པོ་ཚེ་དཔག་མེད་མགོན་བཞུགས༔

སྟེང་འོག་ཕྱོགས་མཚམས་རྣམ་འཕྲུལ་བཅུ་གཉིས་དང་༔

 

རྩ་གསུམ་ཆོས་སྲུང་རྒྱ་མཚོ་སྤྲིན་ལྟར་གཏིབས༔

དམ་ཡེ་དབྱེར་མེད་གདོད་ནས་ལྷུན་གྲུབ་པའི༔

རིགས་བདག་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔

སྲིད་ཞིའི་ཚེ་བཅུད་ཀུན་འདུས་རང་ལ་ཐིམ༔

 

འཕགས་མཆོག་འགྲོ་འདུལ་ཐུགས་རྗེའི་ཆོ་འཕྲུལ་གྱིས༔

རིགས་དྲུག་འགྲོ་བའི་སྡུག་བསྔལ་རྒྱུ་བཅས་སྦྱངས༔

རང་ཉིད་རིགས་འདུས་བླ་མའི་ཐུགས་ཀ་རུ༔

གསེར་གྱི་རྡོ་རྗེའི་ལྟེ་བར་ཧྲཱིཿཡིག་མཐར༔

 

སྔགས་ཀྱི་ཕྲེང་བས་བསྐོར་ལས་འོད་ཟེར་འཕྲོས༔

འཕགས་པ་མཆོད་ཅིང་སེམས་ཅན་དོན་ཀུན་བྱས༔

ཕྱི་སྣོད་དག་པ་རབ་འབྱམས་འོག་མིན་ཞིང་༔

ནང་བཅུད་སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་ལྷ༔

 

སྒྲར་གྲགས་སྔགས་ལ་དྲན་རྟོག་འོད་གསལ་དབྱིངས༔

ཐུན་མོང་ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ༔

མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་ངང་༔

འཆི་མེད་སྐུ་གསུམ་གོ་འཕང་ཐོབ་པར་བསམ༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

ཞེས་རང་ཉིད་གུ་རུ་པདྨར་བསྒོམ་ལ་བཟླས་པ་བསྡུ་ལྡང་བཅས་བྱ།

 

ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་ཧཾ།

ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔

བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔

ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔

སོ་སོའི་ལྷ་མོའི་རོལ་པར་བཅས༔

རབ་འབྱམས་ནམ་མཁའ་གང་བར་གྱུར༔

ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝ་དྱ་ཤཔྟ་ཨཱཿཧཱུྃ༔གིས་སྦྱང་སྤེལ་བསྒྱུར་གསུམ་བྱ།

 

གཏོར་གཞོང་རཏྣའི་སྣོད་ནང་དུ༔

གཏོར་མ་འདོད་ཡོན་ཕུང་པོར་གྱུར༔

ཨོཾ་ཨཱཿཧཱུྃ༔

ལན་གསུམ།

བྷཉྫ་འབར་བའི་སྣོད་ཡོངས་སུ༔

ཤ་ལྔ་བདུད་རྩིར་འོད་དུ་ཞུ༔

ཨོཾ་ཨཱཿཧཱུྃ༔

ལན་གསུམ།

གྲུ་གསུམ་བྷནྡྷའི་སྣོད་ནང་དུ༔

བསྟན་དགྲ་བསྒྲལ་བའི་ཁྲག་མཚོ་འཁྱིལ༔

ཨོཾ་ཨཱཿཧཱུྃ༔

ལན་གསུམ།

 

དངོས་གཞི་རྟེན་བསྐྱེད་ཅིང་བསྐུར་བརླབ་ནི།

མདུན་དུ་རིན་ཆེན་ཞལ་ཡས་ཁང་༔

བཀོད་ལེགས་ཉམས་དགའི་ནང་དབུས་སུ༔

ཆེ་མཐོ་རིན་ཆེན་ཁྲི་ཡི་སྟེང་༔

ཧཱུྃ་ལས་སྐྱེས་མཆོག་རིག་པ་འཛིན༔

སེང་ཆེན་ནོར་བུ་དགྲ་འདུལ་ནི༔

སྐུ་མདོག་དཀར་ལ་དམར་བའི་མདངས༔

དབུ་ལ་རིན་ཆེན་པྲོག་ཞུ་མཛེས༔

སྐུ་ལ་ཟ་འོག་བེར་ཆེན་གསོལ༔

ཕྱག་གཡས་གསེར་གྱི་འཁོར་ལོ་བསྣམས༔

གཡོན་པས་ཡིད་བཞིན་ནོར་བུ་འཛིན༔

ཕྱོགས་བཞི་བློན་པོ་རིན་ཆེན་བཞི༔

མཚམས་བཞིར་བཙུན་མོ་རིན་ཆེན་དང་༔

རྟ་མཆོག་རྐྱང་རྒོད་གླང་པོ་ཆེ༔

དམག་དཔོན་འདན་མ་བྱང་ཁྲ་སོགས༔

དགྲ་བླ་བཅུ་གསུམ་དཔའ་ཐུལ་དང་༔

ཡང་ཐུལ་འཁོར་ཚོགས་རྒྱ་མཚོས་བསྐོར༔

སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ༔

བྱིན་རླབས་དབང་བསྐུར་རྫོགས་པར་བསྐྱེད༔

ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུྃ༔

 

རང་གི་སྙིང་གནས་འོད་ཟེར་འཕྲོས་པས་སྐུ་གསུང་དབང་དྲག་འབར་བའི་ཞིང་ནས་རིག་འཛིན་དགྲ་བླའི་རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ

 

སྤོས་རོལ་དབྱངས་དང་བཅས་པས།

ཧཱུྃ་ཧྲཱི༔ མཁའ་སྤྱོད་དག་པའི་ཞིང་ཁམས་ནས༔

རིག་འཛིན་ཐམས་ཅད་སྐུར་བཞེངས་ཤིག༔

དགྲ་ལྷའི་ཚུལ་དུ་སྤྱན་འདྲེན་ན༔

ཐུགས་དམ་བཞིན་དུ་གཤེགས་སུ་གསོལ༔

བཛྲ་ས་མཱ་ཡ་ཛཿ

སྤྱན་དྲངས་པ་ཉིད་ཛ་ཧཱུྃ་བྃ་ཧོཿས་གཉིས་མེད་དུ་བསྟིམ།

 

རང་སྣང་དག་པའི་གཞལ་ཡས་དབུས། །

རིན་ཆེན་ཁྲི་ལ་བཞུགས་སུ་གསོལ། །

ཏིཥྛ་ལྷན༔

 

རང་རིག་ཡེ་ཤེས་དབྱེར་མེད་ལྷ། །

དགྲ་ལྷའི་རྒྱལ་པོར་གུས་ཕྱག་འཚལ། །

ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ

 

རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་སྤྲོས་ཏེ།

ཧཱུྃ༔ ལྷ་མིའི་ལོངས་སྤྱོད་བསམ་ལས་འདས༔

ཕྱི་ཡི་མཆོད་པ་སྣ་ཚོགས་འབུལ༔

ཡེ་ཤེས་ལྔ་ལྡན་བདུད་རྩིའི་བཅུད༔

དཔའ་བོ་དགྱེས་པ་སྐྱེད་ཕྱིར་འབུལ༔

དམ་ཉམས་དགྲ་བོའི་དམར་ཆེན་པོ༔

གདུགས་པ་འདུལ་ཕྱིར་བཞེས་སུ་གསོལ༔

འདོད་ཡོན་གཏོར་མའི་ལོངས་སྤྱོད་འདི༔

འབུལ་ལོ་ཐུགས་དམ་བསྐང་གྱུར་ཅིག༔

ཐབས་ཤེས་སྦྱོར་བ་བདེ་བའི་མཆོག༔

གཟུང་འཛིན་དགྲ་བགེགས་བསྒྲལ་བས་མཆོད༔

ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝ་དྱ་ཤཔྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་གུ་ཧྱ་སརྦ་པཱུ་ཛ་ཧོཿ

 

ལྷ་ཚོགས་ཡོན་ཏན་རྗེས་སུ་དྲན་པས།

ཧཱུྃ༔ ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་རྫོགས་པའི་སྐུ༔

སྤྲུལ་པའི་སྐུ་མཆོག་པདྨ་ཐོད་ཕྲེང་གི༔

རྣམ་རོལ་རིག་འཛིན་དྲག་པོའི་ཚུལ་འཛིན་པ༔

གེ་སར་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔

 

རང་དོན་མངོན་གྱུར་འོད་གསལ་ཐུགས་ལས་འཁྲུང་༔

གཞན་དོན་སྨོན་ལམ་དབང་གིས་གཏེར་སྒོ་འབྱེད༔

བསྟན་པ་སྲུང་ཕྱིར་བདུད་དགྲ་ཆམ་ལ་ཕབ༔

ནོར་བུ་དགྲ་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད༔

 

ཞི་རྒྱས་དབང་དྲག་ཆ་ལུགས་མ་ངེས་ཀྱང་༔

ཁམས་གསུམ་དབང་སྡུད་སྐུ་མདོག་དཀར་ལ་དམར༔

ལོངས་སྤྱོད་སྤེལ་ཕྱིར་འཁོར་ལོ་བསྒྱུར་བའི་ཆས༔

སང་ཆེན་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔

 

ཕྲིན་ལས་བཞི་ཡིས་ཀུན་ལ་དབང་བསྒྱུར་ཕྱིར༔

གསེར་གྱི་འཁོར་ལོ་རྩིབས་སྟོང་གཡས་ན་བསྣམས༔

དགོས་འདོད་ཡིད་བཞིན་བསམ་འཕེལ་གཡོན་ན་འཛིན༔

དངོས་གྲུབ་ཀུན་སྩོལ་ཁྱོད་ལ་ཕྱག་འཚལ་བསྟོད༔

 

དཔའ་ཞིང་བརྟུལ་ཕོད་བློན་པོ་རིན་ཆེན་བཞི༔

མཛང་ལ་མཛེས་པ་མཚན་ལྡན་བཙུན་མོའི་ཚོགས༔

རྟ་མཆོག་རྩལ་ལྡན་གླང་པོ་དམག་དཔོན་སོགས༔

འཁོར་ཚོགས་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔

 

བསྙེན་དམིགས་ནི།

ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས་ཕྲེང་བསྐོར༔

འོད་འཕྲོས་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས༔

ལས་བཞིའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ༔

འགྲོ་བའི་སྒྲིབ་སྦྱངས་ཐམས་ཅད་ལྷ་རུ་གྱུར༔

ཨོཾ་བཱི་དྱ་དྷ་ར་མ་ཎི་ཤ་ཏྲུྃ་དཱ་མ་ཀ་ཧཱུྃ་ཕཊ༔

ཞེས་རྩ་བའི་སྔགས་འདི་གཅིག་དང་དུ་མ་ཡོངས་གྲོལ་གྱི་ངང་ནས་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བྱ།

 

ནོར་སྒྲུབ་ཀྱི་སྐབས། ཐོད་པ་མཚན་ལྡན་ནམ་གཡང་རྫས་སྣ་ཚོགས་བཤམས་ལ།

བདག་བསྐྱེད་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ལྷ་ཡི་ཐུགས་རྒྱུད་བསྐུལ་བས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི་དཔལ་དང་ལོངས་སྤྱོད་ཐམས་ཅད་བསྡུས་ཏེ་དངོས་གྲུབ་འདོད་རྒུ་ཆར་བཞིན་དུ་འབེབས་པར་བསམ་པ།

ཨོཾ་བཱིདྱ་དྷ་ར་མ་ཎི་ཤ་ཏྲུཾ་བཱ་སུ་སིདྡྷི་ཧཱུྃ༔

ཅེས་བཟླས་ལ་མདའ་དར་གཡབ་ཅིང་།

 

ཧཱུྃ༔ བཀྲ་ཤིས་དཔལ་དང་ལྡན་པའི་ཞིང་ཁམས་འདིར༔

འདོད་རྒུ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་༔

བསོད་ནམས་སྟོབས་ལྡན་རྒྱལ་བའི་ཕྲིན་ལས་པ༔

རིག་འཛིན་ནོར་བུ་དགྲ་འདུལ་འཁོར་དང་བཅས༔

ལོངས་སྤྱོད་ཕྱྭ་གཡང་འགུགས་པའི་དུས་ལ་བབ༔

རྒྱལ་བ་སྲས་བཅས་མཁྱེན་བརྩེའི་ཡེ་ཤེས་དང་༔

རིག་འཛིན་རྣམས་ཀྱི་བྱིན་རླབས་ཕྱྭ་གཡང་ཁུག༔

ས་ཆུ་མེ་རླུང་ཕྱི་སྣོད་འབྱུང་བའི་བཅུད༔

ནང་བཅུད་ལྷ་མིའི་ཚེ་བསོད་ཕྱྭ་གཡང་ཁུག༔

རྒྱ་གར་ཆོས་དང་རྒྱ་ནག་ཁྲིམས་ཀྱི་གཡང་༔

ཏ་ཟིག་ནོར་དང་གེ་སར་རྩལ་གཡང་ཁུག༔

གསེར་དངུལ་རིན་ཆེན་དར་ཟབ་སྨན་དང་འབྲུ༔

ཟས་ནོར་ལོངས་སྤྱོད་རྣམས་ཀྱི་ཕྱྭ་གཡང་ཁུག༔

རྟ་དྲིལ་ནོར་ལུག་ར་ལ་སོགས་པ་ཡི༔

རྐང་བཞི་ནོར་གྱི་ཕྱྭ་གཡང་ཐམས་ཅད་ཁུག༔

མི་ལ་ཚེ་དང་གོས་མདངས་ཟས་ཀྱི་བཅུད༔

འབྲུ་དོན་འཕེལ་བའི་ཕྱྭ་གཡང་རྒྱུས་མཛད་གསོལ༔

ཁུ་ཡེ་པུཥྚིཾ་ཀུ་རུ་སརྦ་སིདྡྷི་ཏིཥྛ་ཧཱུྃ༔

ཞེས་རྟེན་ལ་བསྟིམ་མོ། །

 

བསངས་ཀྱི་མཆོད་པ་བྱ་བར་སྤྲོ་ན་རིན་ཆེན་འབྲུ་སྨན་དར་ཟབ་སོགས་ཕྱེ་ཕུར་ལ་སྦྱར་བ་བཟང་ཞིང་མི་མེ་ལ་བསྲེག་གཞན་ཡང་ཕུད་སྣ་ཚོགས་བཏེག་ལ་ཚབ་གཙང་གིས་བྲན།

རྃ་ཡྃ་ཁྃ་གིས་བསངས་སྦྱངས།

བསང་རྫས་མཆོད་པའི་སྤྲིན་ཕུང་ཀུན་ཏུ་བཟང་པོའི་རྣམ་རོལ་འདོད་ཡོན་མི་ཟད་པ་འཆར་བའི་རང་བཞིན་དུ་གྱུར།

ཨོཾ་ཨཱཿཧཱུྃ༔

ལན་གསུམ་གྱིས་བརླབ།

ཀྱཻ༔ འཛམ་གླིང་གངས་ཅན་བོད་ཀྱི་ལྗོངས༔

ཡུལ་ལ་གཡང་ཆགས་ཤར་ཟླ་སྒང་༔

སྐྱིད་སོས་ཡག་པའི་སུམ་མདོ་ལ༔

དགྲ་ལྷ་སྐུ་གཅིག་སྐྱེས་པ་ནི༔

གེ་སར་སྐྱེས་བུ་དོན་གྲུབ་ཞེས༔

མཚན་དཀར་བ་དན་སྲིད་རྩེར་བསྒྲེང་༔

དབུ་ནག་བོད་ཀྱི་རྒྱལ་པོར་བསྐོས༔

ཀུན་ལ་མཚར་བའི་འབྲུག་མོ་སྨན༔

བཙུན་མོར་འོས་པ་ཁབ་ཏུ་བཞེས༔

མཆེད་གཅིག་རྒྱ་ཚ་ཞལ་དཀར་དེ༔

དགྲ་ལྷ་དེ་ཡི་དཔུང་གྲོགས་མཛོད༔

དཔའ་རྒོད་འདན་མ་བྱང་ཁྲ་སོགས༔

རྒྱལ་པོ་དེ་ཡི་བློན་པོར་བསྐོས༔

 

ཀྱཻ༔ ཚོ་དྲུག་གླིང་རུའི་དཔོན་པོ་ལ༔

གསེར་པའི་ཉི་འབུམ་དར་ཡག་དང་༔

འོ་མ་བུའི་ཨ་ནུ་དཔལ་སེང་དང་༔

མུ་སྤྱང་རིན་ཆེན་དར་ལུ་སོགས༔

སྟོད་སྨད་བར་གསུམ་གཙོ་བོར་བརྗིད༔

སྒ་བདེ་ཆོས་སྐྱོང་བེར་ནག་སོགས༔

མཐུ་སྟོབས་རྩལ་ལྡན་སྐུ་སྲུང་མཛད༔

ནུ་བོ་རོང་ཚ་དམར་ལེབ་སོགས༔

ཕུ་ནུ་སུམ་ཅུ་འདུན་མ་གཅིག༔

འདུན་མའི་གཙོ་བོ་སྤྱི་དཔོན་རྗེ༔

གཡས་གཡོན་དབུས་གསུམ་དམག་གི་རུ༔

འདྲེན་པའི་དར་འཕན་ལ་སོགས་པའི༔

དམག་དཔོན་གསུམ་ནི་དགྲ་ལ་རྔམས༔

བཟང་ངན་ལས་ཀྱི་སྣ་འདྲེན་པ༔

ཨ་ཁུ་ཁྲོ་ཐུང་ཁྲ་ལག་སྤྱང་༔

ཧོར་གྱི་ཤན་པ་མེ་རུ་རྩེ༔

འཇང་གི་གཡུ་ལྷ་ཐོག་འགྱུར་དང་༔

ལྷོ་ཡི་དུང་སྐྱོང་སྟག་ལྷ་དཀར༔

བྱང་གི་ཨ་སྟག་ཀླུ་མོ་སོགས༔

ལས་བྱེད་ཕྱི་ནང་དཔལ་བརྟུལ་དང་༔

གླིང་གི་ལྷ་རྣམས་བྱེ་བའི་ཚོགས༔

ཕྱོགས་མཚམས་བདུད་དཔུང་བྲན་དུ་བསྐོལ༔

ཀུན་ཀྱང་སངས་རྒྱས་བསྟན་སྲུང་དང་༔

སྐྱེ་བོ་ཡོངས་ཀྱི་དགྲ་ལྷ་མཛད༔

རྒྱབ་བརྟེན་བླ་མ་ཡི་དམ་ལྷ༔

དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་༔

སྡོང་ཟླ་དགྲ་ལྷ་ཝེར་མའི་ཚོགས༔

ཀུན་ཀྱང་རྩལ་ཆེན་ཕྲིན་ལས་མྱུར༔

ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཚུལ༔

སྐྱེ་བོའི་ཟོ་དོར་ཡིན་པའི་ཕྱིར༔

འདོད་ཡོན་གཏོར་མའི་མཆོད་པ་འབུལ༔

སྐྱེ་བོ་ཡོངས་ལ་མགོན་སྐྱོབ་མཛད༔

བསྟན་པའི་དགྲ་བོ་སྒྲོལ་བའི་ཕྱིར༔

རཀྟ་དམར་གྱི་མཆོད་པ་འབུལ༔

དགྲ་བགེགས་མྱུར་དུ་སོད་ལ་ཤོག༔

གསང་སྔགས་སྲུང་མ་ཡིན་པའི་ཕྱིར༔

དམ་རྫས་སྨན་གྱི་མཆོད་པ་འབུལ༔

གསང་སྔགས་བསྟན་པ་རྒྱས་པར་མཛོད༔

གུ་རུ་པདྨ་འབྱུང་གནས་ཀྱི༔

ཡང་སྤྲུལ་གྲུབ་ཐོབ་ཡིན་པའི་ཕྱིར༔

གསང་བའི་མཆོད་པ་སྣ་ཚོགས་འབུལ༔

ཟབ་གཏེར་བསྟན་པ་རྒྱས་པར་མཛོད༔

བདུད་རྩི་བསང་གི་མཆོད་པ་འབུལ༔

མི་ནད་ཕྱུགས་ནད་ཞི་བར་མཛོད༔

དག་བྱེད་ཁྲུས་ཀྱི་མཆོད་པ་འབུལ༔

མི་གཙང་ཉམས་གྲིབ་ཞི་བར་མཛོད༔

བདུད་རྩི་ཆང་གི་མཆོད་པ་འབུལ༔

ལོ་ཏོག་འབྲས་དྲུག་ལེགས་པར་མཛོད༔

བདུད་རྩི་དཀར་གསུམ་མཆོད་པ་འབུལ༔

མུར་ཐུད་ཟས་བཅུད་འཕེལ་བར་མཛོད༔

གསེར་དངུལ་དར་ཟབ་མཆོད་པ་འབུལ༔

གོས་དང་རྒྱན་རྣམས་ཕྱུགས་པར་མཛོད༔

གོ་མཚོན་སྣ་ཚོགས་མཆོད་པ་འབུལ༔

མི་མཐུན་གཡུལ་ལས་རྒྱལ་བར་མཛོད༔

བ་དན་རྒྱལ་མཚན་དཀོར་ནོར་འབུལ༔

སྙན་གྲགས་ཕྱོགས་བཅུར་རྒྱས་པར་མཛོད༔

རྒྱལ་སྲིད་སྣ་བདུན་མཆོད་པ་འབུལ༔

ཆོས་སྲིད་དཔལ་འབྱོར་མཐོ་བར་མཛོད༔

བཀྲ་ཤིས་རྫས་བརྒྱད་མཆོད་པ་འབུལ༔

ཚེ་རིང་ཆོས་འཕེལ་མཛད་དུ་གསོལ༔

བཀྲ་ཤིས་རྟགས་བརྒྱད་མཆོད་པ་འབུལ༔

འདོད་པའི་དོན་ཀུན་འགྲུབ་པར་མཛོད༔

རོལ་མོ་གླུ་དབྱངས་མཆོད་པ་འབུལ༔

གཏམ་སྙན་སྣ་ཚོགས་དངོས་གྲུབ་སྩོལ༔

 

ཀྱཻ༔ མེ་ཏོག་སིལ་མའི་ཆར་གྱིས་ནམ་མཁའ་གང་༔

ཉི་ཟླ་སྣང་གསལ་འོད་ཀྱིས་ཀུན་ཏུ་ཁྱབ༔

སྤྱན་གཟིགས་སྣ་ཚོགས་འབྱོར་པས་ས་གཞི་ཁེབས༔

འདི་དག་འབུལ་གྱིས་བཀྲ་ཤིས་བདེ་ལེགས་སྩོལ༔

ཅེས་མཆོད་ཅིང་ཕྲིན་ལས་གསོལ་ལོ། །

 

སྤྲོ་ན་གསེར་སྐྱེམས་གཏོར་མཆོད་སོགས་ཅི་འབྱོར་བཤམས་ཤིང་།

རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ལན་གསུམ།

ཧྲཱིཿ རང་རིག་ཀ་དག་སྟོང་ཆེན་པདྨོའི་དབྱིངས། །

རང་གདངས་ལྷུན་གྲུབ་འོད་གསལ་གླིང་གི་དབུས། །

རང་རྩལ་ཟུང་འཇུག་ཡེ་ཤེས་ཐིག་ལེའི་སྐུ། །

རང་སྣང་གཉིས་འཛིན་སྒྲོལ་མཛད་དཔའ་བོའི་རྗེ། །

མ་སངས་རྒྱལ་པོ་གེ་སར་དམག་གི་དཔོན། །

གྲུབ་གཉིས་དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །

སྐུ་དང་རྒྱན་འཁོར་མ་ངེས་ཅིར་ཡང་སྤྲུལ། །

འཇིག་རྟེན་ལྷ་དང་མི་དང་མི་མ་ཡིན། །

ཀུན་གྱིས་དད་ཅིང་ཀུན་ལ་དབང་དུ་བསྒྱུར། །

དོན་དམ་གཤེགས་བཞུགས་མཚན་མ་ལས་འདས་ཀྱང་། །

བརྩེ་བའི་ཐུགས་རྗེས་གདུང་བའི་གནས་འདིར་གཤེགས། །

དད་གསུམ་རིན་ཆེན་པདྨོའི་གདན་ལ་བཞུགས། །

མོས་བློས་ཡོངས་སྦྱར་དམ་ཚིག་བདུད་རྩིའི་རྫས། །

ཏིང་འཛིན་སྔགས་དང་ཕྱག་རྒྱའི་ཆོ་འཕྲུལ་ལས། །

ཉེར་སྤྱོད་འདོད་ཡོན་རབ་འབྱམས་སྤྲིན་དུ་གཏིབས། །

སྨན་གཏོར་རཀྟ་རི་རབ་མཚོ་ལྟར་བརྗིད། །

བདེ་སྟོང་རྡོ་རྗེ་བཙུན་མོའི་གླུ་གར་བཞད། །

མཚན་འཛིན་ཀུན་འཇོམས་སྣང་སྟོང་དཔུང་ཆེན་གཡོ། །

རྡོ་རྗེའི་གོ་མཚོན་ཡུལ་མཁར་རྒྱན་ཆས་ཕྱུགས། །

རྒྱལ་སྲིད་རིན་ཆེན་ཉེ་རྫས་ནོར་སྣ་ཚོགས། །

ལྷ་མིའི་འབྱོར་པ་ཀུན་བཟང་སྟོབས་ཀྱིས་སྤྲུལ། །

ཐིག་ལེ་ཆེན་པོ་འཁོར་འདས་མཉམ་བརྡལ་བ། །

འདོད་རྒུ་ལྷུན་གྱིས་གྲུབ་པའི་མཆོད་སྤྲིན་འདིས། །

རྩ་གསུམ་ཆོས་སྐྱོང་དགྲ་ལྷ་ཝེར་མའི་སྲོག །

གེ་སར་སྐྱེས་བུ་དོན་འགྲུབ་རྒྱལ་པོ་དང་། །

དགྱེས་ཡུམ་བློན་འབངས་དྲག་པོའི་དཔུང་དང་བཅས། །

མི་འབྲལ་རྩེ་གཅིག་འགྲོགས་པའི་དད་གུས་ཀྱིས། །

གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །

ཉམས་ཆགས་འགལ་འཁྲུལ་ཆོས་ཀྱི་དབྱིངས་སུ་དག །

སྔོན་གྱི་ཐུགས་དམ་གཉན་པོ་རྗེས་དགོངས་ལ། །

རྒྱལ་བའི་བསྟན་སྲུང་བླ་མའི་སྐུ་ཚེ་བསྲིང་། །

དགེ་འདུན་སྡེ་རྒྱས་རྣལ་འབྱོར་ཚེ་དཔལ་སྤེལ། །

མཐའ་བཞིའི་དམག་དཔུང་གློ་བུར་གདུག་པའི་ཚལ། །

བརྟུལ་ཞུགས་རྡོ་རྗེའི་མེ་ཡིས་གཞོམ་པར་མཛོད། །

འཇིག་རྟེན་བཀྲ་ཤིས་ལས་མཚན་ཆོས་རྒྱུད་འཕེལ། །

ཆོས་མཐུན་བསམ་རྒུ་ལྷུན་གྱིས་འགྲུབ་པར་མཛོད། །

བདེ་སྟོང་རྡོ་རྗེ་གསང་བའི་དམ་ཚིག་གིས། །

རྟག་ཏུ་འདུ་བྲལ་མེད་པའི་ངང་ཉིད་ལས། །

མཐར་ཐུག་ཁྱེད་ཐུགས་གདོད་མའི་གཞི་དབྱིངས་སུ། །

འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པར་མཛོད། །

ཅེས་རོལ་མོ་དང་བཅས་བྱ་བས་གྲུབ་བོ། །

 

ཚོགས་མཆོད་བྱེད་པར་སྤྲོ་ན། ཤ་ཆང་གི་དམ་རྫས་གཙོར་གྱུར་བའི་ཚོགས་གཏོར་བདུད་རྩིས་བྲན།

རྃ་ཡྃ་ཁྃ་གིས་བསངས་སྦྱངས།

རང་བྱུང་རིག་རྩལ་ཡེ་ཤེས་མེ་རླུང་ཆུས། །

ཚོགས་རྫས་དངོས་འཛིན་བག་ཆགས་བསྲེགས་གཏོར་བཀྲུས། །

ཆོས་དབྱིངས་བྷཉྫར་རིག་པའི་བདུད་རྩིར་བསྐྱིལ། །

རྣམ་པ་འདོད་ཡོན་མི་ཟད་གཏེར་དུ་གྱུར། །

ཨོཾ་ཨཱཿཧཱུཾ༔

ལན་གསུམ་གྱིས་བརླབ།

ཧཱུྃ་ཧྲི༔ ངོ་བོ་འོད་གསལ་དབྱིངས་ལས་མ་གཡོས་ཀྱང་། །

རང་བཞིན་ཐུགས་རྗེས་གཟུགས་ཀྱི་སྐུར་བཞེངས་པ། །

རྩ་གསུམ་ཀུན་འདུས་གེ་སར་དགྲ་ལྷའི་དཔུང་། །

འཁོར་བཅས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །

ཕྱི་ནང་གསང་བ་ཚོགས་ཀྱི་མཆོད་པ་འབུལ། །

བག་མེད་ཉམ་ཆག་སྡིག་སྒྲིབ་དབྱིངས་སུ་བཤགས། །

གཟུང་འཛིན་རུ་དྲ་བསྒྲལ་བའི་ཤ་ཁྲག་རུས། །

དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །

ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་དྷ་ཀི་ནི་བཱིདྱ་དྷ་ར་མ་ཎི་ཤ་ཏྲཱུྃ་དཱ་མ་ཀ་ས་པ་རི་ཝ་ར་སརྦ་ག་ན་ཙ་ཀྲ་པཱུ་ཛ་ཧོཿ

ཞེས་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ་འབུལ་ལོ། །

 

སྤྲོ་ན་སྐོང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ།

ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།

ཨོཾ་བཛྲ་སྤ་ར་ཎ་ཁྃ་གིས་སྤེལ།

ཧཱུྃ་ཧྲཱི༔ མི་འགྱུར་མི་ཤིག་འོད་གསལ་སྒྱུ་མའི་འཕྲུལ། །

རང་སྣང་སྣོད་བཅུད་རྣམ་དག་པདྨོའི་གཞིར། །

དགོས་འདོད་ཀུན་འབྱུང་ནོར་བུའི་གཞལ་མེད་ཁང་། །

ངོ་མཚར་ཕུན་ཚོགས་བཀོད་ལེགས་རྒྱ་ཆེའི་དབུས། །

ཕྱི་ནང་ཉེར་སྤྱོད་འདོད་པའི་ཡོན་ཏན་ལྔ། །

བཀྲ་ཤིས་རྫས་རྟགས་རིན་ཆེན་རྣམ་པ་བདུན། །

སྨན་གཏོར་རཀྟ་ཛ་གད་དཔའ་བོའི་ཕུད། །

བཅུ་དྲུག་བདེ་བའི་ལང་ཚོའི་གླུ་གར་བསྒྱུར། །

རི་རབ་གླིང་བཞི་ལྷ་ཀླུ་མི་ཡི་དཔལ། །

གོ་མཚོན་ཡུལ་མཁར་ཟས་གོས་རྐང་བཞིའི་ཕྱུགས། །

གཏུམ་རྔམས་དམག་གི་དཔུང་ཆེན་སྤྲིན་ལྟར་གཡོ། །

རྟེན་གཡབ་མདའ་དར་སྣ་ལྔ་གློག་ལྟར་འཁྱུགས། །

དྲག་པོའི་ཀི་བསྭོ་འབྲུག་སྒྲ་འུ་རུ་རུ། །

ཕ་རོལ་རྒོལ་འཇོམས་ཐོག་མདའ་ཤ་ར་ར། །

ཚེ་གཡང་དཔལ་གྱི་ཆར་པ་སི་ལི་ལི། །

འཇའ་འོད་བདུད་རྩིའི་ངད་ལྡང་ཐུ་ལུ་ལུ། །

འོད་དམར་དབང་གི་ཟེར་མདང་ཁྱུགས་སེ་ཁྱུག །

བདེ་དྲོད་རིག་པའི་རྩལ་སྣང་ཤིགས་སེ་ཤིག །

སྣང་སྟོང་སྒྱུ་མར་རོལ་པའི་ཡེ་ཤེས་ལས། །

སྣང་སྲིད་དག་པ་རབ་འབྱམས་འོག་མིན་ཞིང་། །

སྐུ་དང་ཡེ་ཤེས་རྨད་བྱུང་རྡོ་རྗེའི་སྤྲིན། །

འདོད་ཡོན་མི་ཟད་རྒྱན་གྱི་འཁོར་ལོ་ཆེས། །

རྩ་གསུམ་ཆོས་སྲུང་དགྲ་ལྷ་ཝེར་མའི་སྲོག །

འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་དང་། །

དགྱེས་ཡུམ་རྣམ་ལྔ་ཕྱི་ནང་བློན་འཁོར་དཔུང་། །

མི་འབྲལ་རྩེ་གཅིག་འགྲོགས་པའི་དད་གུས་ཀྱིས། །

གསོལ་ལོ་མཆོད་དོ་ཐུགས་དམ་གཉེན་པོ་བསྐང་། །

བག་མེད་ཉམས་ཆག་འགལ་འཁྲུལ་དབྱིངས་སུ་དག །

བྱིན་རློབས་དབང་བསྐུར་རྡོ་རྗེའི་ཡེ་ཤེས་བསྐྱེད། །

མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ། །

རྣལ་འབྱོར་གྲོགས་མཛོད་ལས་བཞིའི་ཕྲིན་ལས་སྤེལ། །

འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །

ཚེ་བསོད་དཔལ་འབྱོར་སྙན་པའི་གྲགས་པ་སྤེལ། །

བདེ་སྟོང་རྡོ་རྗེ་གསང་བའི་དམ་ཚིག་གིས། །

རྟག་ཏུ་འདུ་འབྲལ་མེད་པའི་ངང་ཉིད་ལས། །

དངོས་གྲུབ་འདོད་རྒུའི་དཔལ་ཀུན་མྱུར་སྩོལ་ཅིག །

ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ། ཀུ་རུ་ཧཱུྂ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ

ཞེས་དང་རྗེས་འབྲེལ་དུ་སྒོ་གསུམ་ཉམས་ཆག་ཐམས་ཅད་བཤགས་སྡོམས་ཀྱིས་ཡི་གེ་བརྒྱ་བ་བརྗོད་ལ་བདག་བློ་འདས་ཀྱི་བང་དུ་བསྐྱལ་ལོ།གང་ལྟར་ཚོགས་རྫས་རྣམས་ནང་གི་བསྲེག་བླུག་ཏུ་རོལ།

 

ལྷག་མ་ལ་བདུད་རྩི་ཕབ།

སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱི༔ས་བརླབ།

བྷྱོ། རང་རྩལ་རོལ་པའི་ལྷག་སྡུད་ནི། །

མཁའ་འགྲོ་གིང་ལང་ཕོ་ཉའི་ཚོགས། །

བདེ་ཆེན་བདུད་རྩི་ཕམ་ཕབ་ལོང་། །

བར་ཆད་ཀུན་སོལ་མཐུན་རྐྱེན་སྒྲུབས། །

ཨོྃ་ཨུ་ཙྪིཥྚ་བ་ལིངྟ་ཁཱ་ཧི།

ཞེས་དང་ཐེག་པ་ཆེན་པོའི་སྨོན་ལམ་གྱིས་རྒྱས་གདབ་པོ། །དགྲ་ལ་དྲག་ཏུ་བསྐུལ་བའི་ཆོ་ག་ལོགས་སུ་ཤེས་པར་བྱའོ། །

 

རྗེས་རིམ་ནི།

མཆོད་པ་རྣམས་ཨོཾ་ཨཱཿཧཱུྃ་གིས་བརླབ།

ཨོཾ་གུ་རུ་མ་ཧཱ་སིདྷ་ས་པ་རི་ཝཱ་ར་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝ་དྱ་ཤཔྟ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་གུ་ཧྱ་པཱུ་ཛ་ཧོཿས་མཆོད།

 

ཧྲཱིཿ ཕྱི་ལྟར་བདུད་འདུལ་དཔའ་བོའི་སྐུ༔

ནང་ལྟར་འདོད་རྒུ་གཏེར་གྱི་བདག༔

གསང་བ་གྲུབ་པའི་རིག་འཛིན་རྗེ༔

གེ་སར་རྒྱལ་ལ་ཕྱག་འཚལ་བསྟོད༔

ཅེས་པས་བསྟོད།

 

མ་རྙེད་ཡོངས་སུ་མ་ཚང་དང་། །

གང་ཡང་ནུས་པ་མ་མཆིས་པ། །

འདིར་ནི་བགྱི་བ་གང་ནོངས་པ། །

དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །

ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ། ཀུ་རུ་ཧཱུྂ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ

ཡི་གེ་བརྒྱ་པ་ལན་གསུམ་གྱིས་བཤགས།

 

རྟེན་ལ་བསྟིམ་པར་མོས་པས།

ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །

འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། །

ནད་མེད་ཚེ་དང་དབང་ཕྱུག་དང༌། །

མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །

ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།

 

དང་། ཡང་ན།

གསང་གསུམ་བྱིན་རླབས་འོད་ཟེར་ཚུལ། །

གནས་གསུམ་ཐིམ་པས་སྒྲིབ་བྱང་ཞིང་། །

སྐུ་གསུམ་ཡེ་ཤེས་རྒྱུད་ལ་བཞག །

འོད་ཞུ་རང་རིག་ངང་དུ་ཐིམ། །

 

ཞེས་དང་གང་ལྟར།

བློ་འདས་ཆོས་སྐུ་སྐྱེས་བུའི་དོན། །

མངོན་གྱུར་རྫོགས་པ་ཆེན་པོར་ཨ།

 

ཧོཾཿ དགེ་འདིས་བདག་སོགས་འགྲོ་ཀུན་གྱིས། །

རྩ་གསུམ་སྐྱེས་བུའི་གོ་འཕང་མཆོག །

ཚེ་འདི་ཉིད་ལ་མྱུར་ཐོབ་ནས། །

ཁམས་གསུམ་འཁོར་བ་དོང་སྤྲུགས་ཤོག །

ཅེས་སྨོན་ལམ་དང་།

 

ལྷ་དབང་ལྷ་ཡི་ལོངས་སྤྱོད་ཆེན་པོས་བརྗིད། །

མི་དབང་མི་ཡི་འབྱོར་བ་ཆེན་པོས་མཐོ། །

ཀླུ་དབང་ཀླུ་ཡི་ནོར་བུ་ཆེན་པོས་ཕྱུག །

འཇིག་རྟེན་ཆེན་པོ་གསུམ་གྱི་བཀྲ་ཤིས་ཤོག །

 

གེ་སར་མངོན་ཤེས་རྫུ་འཕྲུལ་འགྲན་ཟླ་མེད། །

ཞལ་ལུ་དཔའ་རྒོད་སྙིང་སྟོབས་འགྲན་ཟླ་མེད། །

ཁྲོ་ཐུང་འཕྲུལ་དང་བཀྲ་ལག་འགྲན་ཟླ་མེད། །

འགྲན་མེད་མི་ཕོ་གསུམ་གྱི་བཀྲ་ཤིས་ཤོག །

 

རྒྱ་བཟས་རྒྱ་ཡི་རྟེན་མཆོག་ཐབས་ཀྱིས་དྲངས། །

བལ་བཟས་བལ་པོའི་མཆོད་སྡོངས་གྲོགས་སུ་ཐོབ། །

འབྲུག་མོས་འབྲུག་ལྟར་གྲགས་པའི་གཏམ་རྒྱུད་བཞག །

ཡ་མཚན་བུད་མེད་གསུམ་གྱི་བཀྲ་ཤིས་ཤོག །

ཅེས་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཤིས་བརྗོད་དག་སྣང་མ་འདིས་མཇུག་བསྡུས་ཏེ་རོལ་མོ་བྱའོ། །

 

རའུ་སྒྲུང་མཁན་ཨརྨྱེ་གཞོན་ནུས་རིང་མོ་ནས་བསྐུལ་བའི་ངོར། ༈ མཆོག་གྱུར་གླིང་པས་མདོ་ཁམས་བྱང་རྒྱུད་ཤར་ཟླ་དལ་གྱིས་འབབས་པའི་འགྲམ་སྐྱེས་བུ་ཆེན་པོ་འཁྲུངས་པའི་ཡུལ། ཕུ་ནུ་སུམ་ཅུའི་སྲས་མཁར་གྱི་ཞོལ། འདུ་ར་སྟག་ཐང་ཁྲ་མོར་རབ་བྱུང་བཅོ་ལྔ་པའི་མགོ་བོ་ཡོས་ལོ་སྤྲེལ་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་གཏན་ལ་ཕབ་པ་ཉིད་ཉེ་ཆར་གྲུབ་པའི་རྣལ་འབྱོར་ཤེས་རབ་རྡོ་རྗེའི་གསུང་བསྐུལ་མཛད་པས་གཞུང་རྩ་བར་གོང་འོག་གསལ་བྱེད་ཁ་སྐོངས་ཕྲན་བུ་དང་ཚོགས་བསྐང་ཉིད་རྡོ་རྗེའི་གསུང་བྱིན་རླབས་ཅན་རྣམས་ནས་བཏུས་ཏེ་གཏེར་ཆེན་མཆོག་གི་མཚན་གྱི་ཅོད་པན་འཆང་བ་པདྨ་ཀུན་ཁྱབ་ཡེ་ཤེས་སྙིང་པོས་བྲིས་པ་སརྦ་མངྒ་ལཾ།། །།

 

མཆོག་གྱུར་བདེ་ཆེན་གླིང་པ།

གེ་སར།

Further information:

BDRC Author Profiles: P564 P258 P8050

Download this text:

EPUB  PDF 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept